>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཤིང་གི་སྨན། > > ནང་དོན།

ཀཎྡྲི་ཀ་རི།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་། དུས་ཚོད། 2015-07-30 9:23:59 ཀློག་གྲངས། 36

       བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ཀཎྡྲི་ཀ་རི་ནི།ཀཎྡྲི་ཀ་རི། བོད་སྐད་དུ།ཚེར་མ་བྱེད་པ།།  སྨན་གྱི་བྱིངས་ལས། ཀཎྡྲི་ཀ་རི་མངར་ཁ་ཅུང་ཟད་ཚ།། འབྲས་བུ་མངར་སྐྱུར་ཞུ་རྗེས་དག་དང་མཚུངས།། རླུང་ཚད་ལྡན་དང་བད་ཀན་སྐྱ་བོ་སེལ།། མཆོག་ཏུ་གློ་བའི་ནད་རིགས་ཀུན་ལ་ཕན།། རིམས་སྨིན་འབྲས་བུའི་ཁཎྡྲིས་འཇམ་འཁྲུགས་སེལ།། ཆིག་ཐང་རྐྱང་པ་ཡོན་ཏན་ཀུན་དང་ལྡན།། ཞེས་དང་། བདུད་རྩི་ཕྲེང་བར། ཀཎྡྲི་ཀ་རིའི་རྩ་བ་ཁ།། ཤིང་ནི་ཅུང་ཟད་མངར་ཁ་ལ།། པགས་པ་ཚ་བའི་ཞད་དང་བཅས།། འབྲས་བུ་སྦྲང་རྩིའི་རོ་དང་མཚུངས།། ལོ་མ་ཁ་བསྐ་མཁྲིས་པ་སེལ།། རྩ་སྡོང་ཤུན་འབྲས་རླུང་ཚད་འཇོམས།།པི་པི་ལིང་གི་གྲོགས་དང་བསྡེབས།། འཇམ་པས་གློ་རླུང་འཇམ་འཁྲུགས་སེལ།། ཞེས་དང་། བདུད་རྩི་རྫིང་བུར། ཀཎྡྲི་ཀ་རི་མངར་ཞིང་ཚ།། ཞུ་རྗེས་མངར་སྐྱུར་རླུང་ཚད་སེལ།། འཇམ་བསིལ་དྲོ་བའི་ནུས་པ་ལྡན།། ཞེས་དང་།  ལྕགས་ཕྲེང་ལས། ཀཎྡྲི་ཀ་རི་དེ་དང་འདྲ་སྟེ་མཆོག་ཏུ་བད་ཀན་སེལ།སྔོན་དུ་སླེ་ཏྲེས་བཤད་ནས་དེ་རྗེས་འདི་བཤད་པས་སླེ་ཏྲེས་དེ་དང་འདྲ་སྟེ་ཞེས་སོ།། མིང་། བྱ་ཀྲྀ། སྟག་ཚེར། སུ་ཕུ་ཏི་ཀའདྲེ་ཚེར། བི་དགྔྷི་ཀམཁས་མ། སྤཱ་ཤཱི། རེག་བྱ་མ། བྱཱ་གྷྲྀ། སྟག་ལྡན་ནམ། སྟག་ཚེར་བྱེད་པ། སྲ་ཙོ་ད་ནཱི། རབ་ཏུ་སྐུལ་བྱེད་མ། ཀུ་ལཱི། རིགས་ཅན་མ། ཀྵུ་དྲ། ཕྲན་ཚིག་མ། དུཿསྤཪྴ། རེག་དཀའ་མ། རཥྚ་ཀཡུལ་སྐྱེས་མ། བྲྀ་ཧ་ཏཱི། ཚ་ལྡན་མའོ།།  འཁྲུངས་དཔེར། ཀཎྡྲི་ཀ་རི་ཞེས་བྱ་བ།། སྲིབ་ཀྱི་ནགས་རི་དག་ལས་སྐྱེ།། སྡོང་པོ་སེ་བ་གཞོན་ནུ་འདྲ།། མེ་ཏོག་དཀར་སེར་མདངས་དང་ལྡན།། འབྲས་བུ་དམར་པོ་སྤུངས་ནས་སྐྱེ། །ལོ་སྡོང་ཚེར་མའི་བ་སྤུ་ཅན།། ཁོང་སྟོང་རོ་ནི་མངར་ལ་བསྐ།། ཞེས་པ་ལྟར་ཡོངས་གྲགས་སོ།། ཞེས་དང་།  

        གསོ་དཔྱད་སྔོའི་མན་ངག་སྔོ་འབུམ་ལས། ཀཎྜ་ཀ་རི་སེ་བ་ལྡུམ་བུ་འདྲ།། འབྲས་བུ་དམར་པོ་མངར་དང་ལྡན།། འབྲས་བུ་ཟོས་ན་ཆམ་པའི་ནད་ལ་ཕན།།

       རིན་པོ་ཆེའི་རོ་ནུས་ཞུ་རྗེས་བསྟན་པ་ལས། ཀཎྡྲི་ཀ་རི་རོ་ཁ་ཞུ་རྗེས་བསིལ།། ནུས་པས་རླུང་ཚད་སེལ་ཞིང་རིམས་སྐྲན་འཇོམས།།  

        སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བཻཌཱུརྱའི་མེ་ལོང་ལས། ཀ་རི་མངར་ཁ་ཅུང་ཟད་ཚ།། ཞུ་རྗེས་མངར་སྐྱུར་འཇམ་བསིལ་དྲོ་བ་སྟེ།། རླུང་ཚད་ལྡན་ཚད་བད་ཀན་སྐྱ་བོ་དང་།། མཆོག་ཏུ་གློ་བའི་ནད་རིམས་ཀུན་ལ་བསྔགས།།  

           གསོ་བྱེད་བདུད་རྩིའི་འཁྲུལ་མེད་ངོས་འཛིན་བཟོ་རིག་མེ་ལོང་དུ་རྣམ་པར་ཤར་བ་མཛེས་མཚར་མིག་རྒྱན་ལས། ཀ་རི་ནི། བོད་སྐད་དུ་ཚེར་མ་བྱེད་པ་དང་ཡང་བྱ་ཀྲི། སེང་ཚེར་ཟེར། སྲིབ་ཀྱི་ནགས་ལས་སྐྱེ། སྡོང་པོ་སེ་བ་གཞོན་ནུ་འདྲ་ལ་རྐང་ལྗང་མེ་ཏོག་དཀར་སེར་འབྲས་བུ་དམར་པོ་སྤུངས་ནས་སྐྱེས་པའི་ལོ་སྡོང་ཐམས་ཅད་ཚེར་མའི་སྤུ་ཅན།།

           སྨན་མིང་དང་ངོས་འཛིན་ཐོར་བུ་མཁས་པའི་ངག་གི་བདུད་རྩིའི་ཟེགས་མ་ལས། ཀཎྡྲི་ཀ་རི། འདི་ཊ་སྡེའི་དང་བོེར་ཟློག་ཅེས་སྣང་ཚེར་མ་ཅན་དང་། བྱཱ་ཀྷྲྰྀ ། སྟག་ཚེར། བྲྀ་ཧ་ཏཱི། ཡངས་མ་སོགས་སུ་གྲགས་པ་ནི། ད་ལྟར་ངོས་འཛིན་པ་འདི་མ་འཁྲུལ་པ་ཡིན། ཞེས་གསུངས་ཡོད།

X