>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཤིང་གི་སྨན། > > ནང་དོན།

ཨ་ག་རུ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་། དུས་ཚོད། 2015-07-31 17:20:53 ཀློག་གྲངས། 90

          བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ཨ་ག་རུ་ཡིས་སྙིང་སྲོག་ཚ་བ་སེལ།།ཞེས་པར། བདུད་རྩི་ཐིགས་པར །ཨ་ག་རུ་ནི་དྲོ་ཞིང་འཇམ་པ་ཡིན།། ཞེས་དང་། དཔག་བསམ་ལྗོན་ཤིང་ལས། ཨ་ག་རུ་བསིལ་ཚ་བ་སེལ།། ཞེས་དང་། རང་བྱུང་པས། ཨ་གར་ནག་པོས་སྲོག་རྩ་དང་།། སྙིང་གི་ཚད་རླུང་ཐམས་ཅད་སེལ།། ཞེས་པ་ལ། སྤྱི་མིང་། ཨ་གུ་རུ། ལྕི་མེད། ཀ་པི་ཏཱ་ན། ཆུ་འཐུང་སྣོད་ལྡན། ཀ་པི་ལཱ། སེར་སྐྱ། བྷསྨ་གརྦྷ། ཐལ་བའི་སྙིང་པོ། རཱ་ཛ་ཧི། རྒྱལ་པོ་མཉེས་བྱེད། ལོ་ཧ་ཀྲི་མ་ཛ།དམར་པོ་སྲིན་སྐྱེས། གནྡྷ་ཀཱ།དྲིའི་ཤིང་། ཀ་ཀཱ་སཱཽ། བྱ་རོག་གདོང་། སི་ཏ་ཙནྡ་ནཾ། ཙནྡན་སེར་པོ། ཀཱ་ལེ་ཡ། དུས་སྐྱེས། ཀཱ་ལི། དུས་ལྡན། བ་ན་ཙནྡ་ནཾ། ནགས་ཙནྡན། ཀྲྀཥྛྀ་བྲྀཀྵ། ཤིང་ནགཝརྞྞ་དཾ། མདོག་སྦྱིན། ཀནྟི་ད་ཡ་ཀཾ། མཛེས་སྦྱིན། གུ་རུ། ལྕི་བ། ས་ཝ། ལྗི་བ། ཤིངྴ་པ། དྲི་ཉལ།ས་མ་ཀཾ། ནུས་ལྡན། བཾ་ཤི་ཀ རྒྱུད་ལྡན། རཱ་ཛརྷ། རྒྱལ་པོ་ལ་འོས། ཀྲི་མ་ཛ། སྲིན་སྐྱེས། ནྲྀ་པ་ནྲཱྀ་ཡ། མི་བདག་དགའ་བྱེད། ཨ་ག་རུ།སྙིང་སེལ། ལོ་ཧ། དམར་པོ། ཛེྨ་ཀ་ཀཾནྲྀ་པ་སྲི་ཡཾ་རྣམས་ཟེར། འདི་ལ་རིགས་གསུམ་སྟེ།དཀར་ནག་དམར་གསུམ་མོ།། དཀར་པོ་ནི། ཨར་སྐྱ་ཞེས་བྱ་སྟེ། ལྕང་མའི་སྡོང་ཚལ་འདྲ་བ་འབྱུང་། ཡང་ལ་གསོབ་པ་ཡིན། འདི་ལ་ཡང་རིགས་གསུམ། ཅུང་ཟད་ལྕི་ལ་སྨུག་པ་སྤྱིན་ཆུ་ནང་ནས་དྲངས་ལ་སྐམས་པ་འདྲ་ཞིང་དྲི་ཤིན་ཏུ་ཞིམ་པ་དེ་ལ་ཨ་གར་འབའ་ཞིག་ཟེར།ཡུལ་ཁྱད་ལས་སྐྱ་གསོབ་ཁ་དོག་ཆེར་མི་གསལ་བ་དུམ་ཆུང་མཐོ་རེ་ཙམ་པ་དྲི་ཞིམ་པ་ཡོང་བ་ཕུར་གཟུགས་མ་དང་། སྐྱ་གསོབ་དཀར་ཤས་ཆེ་བ་ལ་སྔོ་རུལ་ཆུ་སོང་འདྲ་བ་སྐྱ་ཆེན་ཏེ་རིམ་པས་དམན། སྤོས་ལ་སྙི་བ་བཟང་། སྨན་ལ་དྲི་ངན་ཡང་གསར་མཁྲེགས་བཟང་། དེ་གསུམ་ལ་འདྲ་དཔེར། ཨ་ག་རུ་ནི་ཆུ་ཤིང་རུལ་པོ་འདྲ། ཟེར་བའོ།།  ཞེས་དང་།

        སྨན་མིང་དང་ངོས་འཛིན་ཐོར་བུ་མཁས་པའི་ངག་གི་བདུད་རྩིའི་ཟེགས་མ་ལས། ཨ་གུ་རུ། ལྕི་མེད། ཟུར་ཆག་པས་ཨ་ག་རུ། འདི་ལ་རིགས་གཉིས་ལས། ད་ལྟ་སྐྱ་སོབ་གསོ་མ་འདྲ་བ་ལ་སྨྱུག་མའི་རྩི་གཞོག་པ་འདྲ་བ་དང་། བསམ་པ་ཆུ་ནང་དུ་རུལ་བ་འདྲ་བ་འདི་རྣམས་རྒྱུ་གཅིག་ཅིང་ཨར་སྐྱ་ཞེས་ཟེར། དེ་ལས་སྔ་མ་བཟང་བར་བྱེད་མོད། གཙོ་ཆེར་བསྲེག་ན་དྲི་ཇི་ཙམ་བཟང་བ་རང་ལེགས། བོད་རྣམས་ཨར་སྐྱ་འདི་ལ་ཨ་གར་འབའ་ཞིག་ཅེས་བཏགས་པ་ནི། མདོ་རྣམས་ལས། ཨ་ག་རུ་ཁོ་ནས་བདུག་པའི་དོན་ལ་ཨ་ག་རུ་འབའ་ཞིག་གིས་བདུག་པར་བྱའོ།། ཞེས་འབྱུང་བ་མགོ་བའི་འོལ་ཚོད་ཙམ་མོ།།  ཞེས་དང་།

               གསོ་བྱེད་བདུད་རྩིའི་འཁྲུལ་མེད་ངོས་འཛིན་བཟོ་རིག་མེ་ལོང་དུ་རྣམ་པར་ཤར་བ་མཛེས་མཚར་མིག་རྒྱན་ལས། ཨ་ཀ་རུ་ནི། རྒྱ་སྐད་ཡིན་ལ། བོད་དུ་ལྕི་བ་མེད་ཟེར། སྨན་སྦྱོར་དུ་རིགས་མ་བཤད་པའི་ཨ་ཀ་རུ་ཕལ་ཆེར་ཨར་ནག་ཡིན་ཏེ། དེར་ལོ་མ་མཁན་པ་འདྲ་ལ། རྐང་པ་ལྗང་ཁུ་མེ་ཏོག་སྔོ་མདངས་པ། གླིང་གཞན་ནས་རྒྱ་ནག་ཏུ་འོང་བའི་སྔོ་ནག་འབྲོང་རྭ་འདྲ་བ་མཁྲེགས་རྡོ་ལྟ་བུ་དྲི་ཞིམ་ཆེ་བར་ནག་པོ་འབའ་ཞིག་གམ་གཡེང་པོ་ཆེའི་རྩ་བ་ཟེར་བ་དཀོན་པས་རིན་པོ་ཆེའོ།། ཡང་རྒྱ་ནག་དང་སྟོད་ཀྱི་ལོ་མ་མེ་ཏོག་རེ་ལྕགས་ལྕགའདྲ་ལ། མེ་ཏོག་སེར་པོ། ཤིང་རྒས་ན་སྨུག་དང་གཞོན་ནུ་དཀར་པོ་ཡིན་པའི་ལྤགས་པགསཔས་ཤོག་བུ་འཚོས་ཉན་པ། སྨུག་ནག་ལ་སེར་ཁ་ཅན་སུལ་སྣ་ཤ་རེ་སྣུམ་མཁྲེགས་དྲི་ཞིམ་པ་ཨར་སྨུག་ཞེས་པ་བཟང་། གཞན་ཡང་ཡུལ་སོ་སོའི་ངོ་བོ་མི་འདྲ་བ་དུ་མ་འདུག གཟའ་རྒྱུད་དུ། ཨ་ག་རུ་སྣུམ་བསིལ་ལ་ལྕི།། ཞེས་གསུངས་ཡོད།

གོང་ངོས། ཡིག་ཆ་མི་འདུག
X