//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཉེས་གསུམ་གྱི་སྐོར། > ནང་དོན།

རླུང་ནད་ད་རྒན།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-05 15:09:10 ཀློག་གྲངས། 66 

   ཚིགས་པ་དང་པོ་དང་དྲུག་པ་བདུན་པ་བཅས་རླུང་གསང་རྣམས་དང་རྩ་དཀར་དུ་རླུང་ཞུགས་ནས་དེའི་དབང་གིས་སྒལ་ཚིགས་ཕྱིར་དགྱེ་བའམ་ནང་དུ་གུག་པའི་རླུང་ནད་ཅིག་སྟེ། ནད་དེ་ལོ་ཟླ་མང་བོའི་བར་དུ་ལུས་ལ་ཞེན་ཞིང་གནས་པའི་སྒལ་ནད་རྒན་པོར་འགྱུར་བའི་ཕྱིར་ད་རྒན་ཞེས་བརྗོད།

རྒྱུ་རྐྱེན།

  ཁ་བ་དང་ཡང་ལ་རྩུབ་པའི་རིགས་བསྟེན་དྲགས་པ། ཆགས་པས་དུབ་པ། ལྟོ་དང་གཉིད་ཆགས་པ། ལྟོ་སྟོང་ལུས་ངག་བྱ་བ་དྲགས་ཤུལ་བྱས་པ། ཁྲག་མང་ཟག་པ་དང་འཁྲུ་སྐྱུགས་དྲགས་པོས་བཏབ་པ། བསེར་བུས་བུས་པ་པ་དང་ངུས་པ། མྱ་ངན་དང་སེམས་ལས་ཡི་ལས་ཆེ་བ། བཅུད་མེད་པའི་ཁ་ཟས་ཡེན་ལ་གཏད་པ། བཤང་གཅི་ཤུགས་ཀྱིས་བཀག་པ་དང་ནན་གྱིས་བཙིར་བ་སོགས་ཀྱིས་སློང་།།

ནད་རྟགས།

  ད་རྒན་ཕྱིར་དགྱེ་ནི་བྲང་འབུར་བ། གཉའ་བསྟུངས་པ། ལྟག་པར་དགྱེ་བ། སོ་འཆའ་བ། མགོ་དང་འགྲམ་པ། རྒྱབ་ན་བ། སྐད་མི་ཐོན་པ། མིག་ཧར་བ། གཡལ་བ་འབྱུང་ཞིང་རྩིབ་ལོགས་གཉིས་ན་བ།

 ད་རྒན་ནང་གུག་གི་ན་ཚུལ་སྔོན་དང་འདྲ་ལ། སྐེ་བསྟུངས་བྲང་དུ་བསྡུས་ཏེ་རོ་སྟོད་ཕྱིར་འབུར་བ།

 རྩ་རྒྱུད་ཞན་བྱིང་གུད་བུལ་སྟོང་རྐྱལ་དུ་སྟོན་པ།

 ཆུའི་ཝུ་བ་ཆེ་ལ་ཆུ་ལྟར་སླ་བ།

 ལྕེ་མདོག་དམར་ལ་རྩུབ་པ།

གཞོགས་འདེགས་བརྟག་དཔྱད།

 རླུང་ནད་ད་རྒན་ནི་ཕྱི་དགྱེ་དང་ནང་གུག་གཉིས་སུ་ཕྱེ་བས་གཙོ་བོ་མཇིང་ཚིགས་དང་སྒལ་ཚིགས་ལ་CR-འགྱེད་སྒྲ་བརྒལ་ལས་རུས་ཚིགས་ཁག་འཁྱོག་སྟེ་ཕྱི་དགྱེ་བའམ་ནང་དུ་གུག་པ། དེ་མིན་བསྣད་དུ་འགྲམས་པའི་རྟགས་འབྱུང་བ་དང་། ཀླད་པར་CT-བརྟག་དཔྱད་བྱས་པས་ཀླད་པའི་རྒྱུན་ལྡན་གྱི་བྱེད་ལས་ལ་གནོད་པ་ཐེབས་ཏེ་མགོ་བོ་ན་བའམ་མགོ་ཡུ་འཁོར་བ་བཅས་དང་། སྙིང་གི་ནུས་པའང་ཇེ་ཞན་དུ་འགྲོ་བ།

འཁྲུལ་སོ་བསལ་བ།

 རླུང་ནད་ད་རྒན་ནི་སྒལ་བའི་ཚིགས་དང་རྩ་དཀར་དུ་རླུང་ཞུགས་ནས་དགྱེ་སྒུར་མི་ཐུབ་ཅིང་སྒལ་བ་འཁྱོགས་པོར་འགྲོ་བའི་ནད་ཅིག་ཡིན་པའི་ཆ་ནས་མཁལ་འགྲམས་དང་མཁལ་ནད་ད་རྒན། མཁལ་གྲུམ་བཅས་ལ་ནད་རྟགས་ཀྱི་ཆ་ནས་འཁྲུལ་སོ་ཆེ་སྟེ།

 མཁལ་འགྲམས་དང་འཁྲུལ་སོ་བསལ་བ། འདི་ལ་དབྱེ་བ་གསུམ་ལས་སྟོད་དུ་བྱེར་ན་ལྟག་པའི་ཆུ་བ་གཡས་གཡོན་ན་ཞིང་སྐེ་གཅུ་མི་ཤེས་པ་དང་། བར་དུ་རྒྱས་ན་དཔྱི་མགོའི་སྟེང་གི་འབྲེལ་མཚམས་ཀྱི་རྩ་ནག་སྦོ་ཞིང་གཟེར་ལ་གློ་དང་སྦྲིད་པ་བྱུང་ཚེ་ཁྱད་པར་དུ་ན་ལ་ཚིགས་ཁ་བྱེ་ཞིང་རྐེད་པ་ཀྱོག་པོར་འགྲོ་བ། སྨད་དུ་ལྷུང་ན་རྐང་བ་བཤལ་ཞིང་སྦྲིད་ལ་བརླའི་ཕྱི་སུལ་དང་། བྱིན་པའི་ཉ་སུལ། པུས་མོའི་ཚིགས་རྣམས་ན་པ་བཅས་ལས་འཁྲུལ་སོ་སེལ་ནུས།།

 མཁལ་ནད་ད་རྒན་དང་སྒལ་ཚིགས་ཕྱིར་དོན་ནས་སྒུར་བོར་འགྲོ་བ་ལས་འཁྲུལ་སོ་སེལ་ནུས་སོ། །

 མཁལ་གྲུམ་དང་འཁྲུལ་སོ་བསལ་བ་ནི། རྐེད་པ་མན་ཆད་ཐམས་ཅད་ན་བ་དང་། གློ་དང་སྦྲིད་པ་བྱུང་ཚེ་དཔྱི་མིག་ཟུག་པ། སྒལ་བ་རེངས་ཤིང་མཇིང་པ་སྒྱུར་མི་ཤེས་པ། ནམ་སྟོད་ན་ཞིང་ནམ་སྨད་བདེ་བར་ཚོར་བ། ཆང་དང་དྲོད་བཅུད་ཟོས་རྗེས་ཚ་བ་སྐྱེ་བ་ལས་འཁྲུལ་སོ་སེལ་ནུས།།

X