//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཉེས་གསུམ་གྱི་སྐོར། > ནང་དོན།

བད་ཀན་ལྕགས་དྲེག

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-05 16:54:48 ཀློག་གྲངས། 41 

   བད་ཀན་ལྕགས་དྲེག་ནི་གོང་ལྟར་མ་ཞུ་བས་རྐྱེན་བྱས་ཏེ་བེ་སྣབས་འཕེལ་བ་ཏེ། ཕོ་བའི་ནང་སུལ་དུ་ལྕགས་ལ་དྲེག་པ་ཆགས་པ་ལྟར་བེ་སྣབས་ཆགས་པ་དེ་ལ་ལྕགས་དྲེག་ཅེས་བྱ།།

རྒྱུ་རྐྱེན།

  རྒྱུ་ནི་ཐ་མལ་ནད་དུ་གནས་པའི་བད་ཀན་དང་རྐྱེན་ནི་རོ་ཁ་བ་དང་མངར་བ། ནུས་པ་ལྕི་བ་དང་བསིལ་བ་སྣུམ་པ་སོགས་བསྟེན་དྲགས་པ་དང་། ཁ་ཟས་ཀྱིས་འགྲངས་པའི་རྗེས་སུ་ཧ་ཅང་དལ་བར་འདུག་པ་དང་། ཉི་དཀར་གཉིད་ལོག་པ་དང་རླན་སར་ཉལ་བ། ཆུ་གྲང་མོའི་ནང་དུ་ཡུན་རིང་ཞུགས་པ་དང་། ལུས་འཁྱགས་པ། གྲོ་སྲན་སོགས་གསར་ཐོག་གམ་སེར་ཅན་ཞེས་ལེགས་པར་མ་སྨིན་པ་དང་། སུངས་པ་དང་། ར་སྐོམ་གྱི་ཤ་རིད་པ་སྟེ་རྗུད་པ་དང་། ཚིལ་བུ་སོགས་རུལ་བ། ལོ་ཤུར་ཏེ་སྲན་མའི་ལོ་མ་རྙིང་བ་དང་ལ་ཕུག་རས་པ། རི་སྒོག་ལ་སོགས་རྗེན་པའི་ཟས་མཐའ་དག་དང་། མ་ཚོས་པ། ཚིག་དྲགས་པ། ཁེངས་པོར་གྱུར་བའི་ཟས་ཀྱི་རིགས་ཟ་བ་དང་། བ་རའི་འོ་མ་དང་ཞོ་མ་ལངས་པ་དར་བ་རས་པ། ཆུ་གྲང་མོ་དང་ཇ་སོགས་མང་དུ་འཐུང་བ། གཞན་ཡང་བཟའ་བཏུང་ཆེས་ཏེ་ཚད་ལས་འདས་པའམ་སྔ་མ་མ་ཞུ་ཕྱི་མ་ཟོས་པ་ཡིས་བད་ཀན་གྲང་ནད་སློང་བ།།

ནད་རྟགས།

   སྒྲེག་པ་དང་། ཕོ་བ་འཚིང་བ། ཕོ་བའི་གནས་ཐམས་ཅད་ཧྲེམ་མེར་ན་བ། དང་ག་མི་བདེ་ཞིང་ཤ་སྐམ་པ། སྒྱིད་ལུག་པ། བད་ཀན་བེ་སྣབས་ཟས་ཟོས་ཚད་ཕྱིར་སྐྱུགས་པ་བཅས་ཀྱི་རྟགས་ཡོད།

  རྩ་བྱིང་རྒུད་དལ་བ།

  ཆུ་དཀར་ལ་དྲི་རླངས་ཆུང་།

  ལྕེ་མདངས་མེད་འཇམ་ལ་རློན་པ།

གཞོགས་འདེགས་བརྟག་དཔྱད།

  བད་ཀན་ལྕགས་དྲེག་གྱི་ནད་འདི་ལ་ཕོ་ཤེལ་བརྟག་དཔྱད་ལས། ཕོ་བའི་ནང་སུལ་གྱི་སྐྱི་མོར་མདོག་སྐྱ་བོ་དང་ཡང་ལྕགས་ལ་དྲེག་པ་ཆགས་པ་བཞིན་ཕོ་བའི་ནང་སུལ་དུ་དྲེག་པ་ཆགས་པ་དང་། སྐབས་སུ་ཕོ་བའི་ནང་སྐྱིའི་མདོག་དམར་པོ་དང་དཀར་པོ་གཉིས་སྦྲགས་ནས་མངོན་པ་དང་། དེ་ལས་དཀར་ཤས་ཆེ་བ་གཙོ་ཆེ། གཞན་བཤང་བ་བརྟག་དཔྱད་ལས་མ་ཞུ་བའི་ཟས་སམ་ཁ་ཟས་རྩམ་མདོག་ཏུ་འཁྲུ་བ་བཅས་མངོན་ཐུབ།

འཁྲུལ་སོ་བསལ་ཐབས།

  ཕོ་བ་འཚིང་བ་དང་སྒྲེག་པ། དང་ག་མི་བདེ་ཞིང་ཟས་འཇུ་དཀའ་བ། སྐྱུགས་པའམ་ཁ་ཟས་མ་སྨིན་པར་འཁྲུ་བ་བཅས་ཀྱི་ཆ་ནས་བད་ཀན་མེ་ཉམས་དང་ཕོ་བའི་བད་ཀན་གཉིས་ལ་འཁྲུལ་སོ་ཆེ་སྟེ།

  བད་ཀན་མེ་ཉམས་དང་འཁྲུལ་སོ་བསལ་བ། བད་ཀན་མེ་མཉམ་ནི་གྲང་རླུང་ཤས་ཆེ་བ་ལ་ཁ་ཟས་བསིལ་ཕྱོགས་ཐལ་ཆེ་བ་དང་། ལུས་གྲང་བ། ཆུ་ཡི་ལས་མང་དུ་བྱས་པ། ཚ་བའི་ནད་ལ་སྦྱོངས་གཏར་དྲགས་པ་སོགས་བསིལ་སྦྱོར་ཐལ་བས་མེ་དྲོད་ཉམས་པས་ན་སློང་བ་རྒྱུ་ཡི་སྒོ་ནས་བརྟག་པས་འཁྲུལ་སོ་སེལ་ནུས།།

   ཕོ་བའི་བད་ཀན་དང་འཁྲུལ་སོ་བསལ་བ། ཟས་རྗེས་རྔུལ་གྲང་ན་བ། ཟས་ལ་འཁྲེན་ཞིང་འབྱར་བག་སྐྱུགས་པ་ལས་འཁྲུལ་སོ་སེལ་ནུས།།

གོང་ངོས། བད་ཀན་ལྷེན།
X