//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཉེས་གསུམ་གྱི་སྐོར། > ནང་དོན།

བད་ཀན་མགུལ་འགགས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-05 17:00:33 ཀློག་གྲངས། 48 

   བད་ཀན་མགུལ་འགགས་ནི་ཕོ་བ་དང་བྲང་དང་གློ་བ་རྣམས་སུ་བད་ཀན་རྒྱས་པའི་རླངས་པ་གློ་ཡུ་དང་མིད་པ་རྣམས་སུ་ཆགས་ནས་ཟས་སྐོམ་ཐོག་སྙམ་དང་། མིད་དཀའ་བ་དང་ཚབས་ཆེ་ན་མི་ཐར་བར་ཕྱིར་འོང་བའི་ནད།

རྒྱུ་རྐྱེན།

  རྒྱུ་ནི་ཐ་མལ་ནད་དུ་གནས་པའི་བད་ཀན་དང་རྐྱེན་ནི་རོ་ཁ་བ་དང་མངར་བ། ནུས་པ་ལྕི་བ་དང་བསིལ་བ་སྣུམ་པ་སོགས་བསྟེན་དྲགས་པ་དང་། ཁ་ཟས་ཀྱིས་འགྲངས་པའི་རྗེས་སུ་ཧ་ཅང་དལ་བར་འདུག་པ་དང་། ཉི་དཀར་གཉིད་ལོག་པ་དང་རླན་སར་ཉལ་བ། ཆུ་གྲང་མོའི་ནང་དུ་ཡུན་རིང་ཞུགས་པ་དང་། ལུས་འཁྱགས་པ། གྲོ་སྲན་སོགས་གསར་ཐོག་གམ་སེར་ཅན་ཞེས་ལེགས་པར་མ་སྨིན་པ་དང་། སུངས་པ་དང་། ར་སྐོམ་གྱི་ཤ་རིད་པ་སྟེ་རྗུད་པ་དང་། ཚིལ་བུ་སོགས་རུལ་བ། ལོ་ཤུར་ཏེ་སྲན་མའི་ལོ་མ་རྙིང་བ་དང་ལ་ཕུག་རས་པ། རི་སྒོག་ལ་སོགས་རྗེན་པའི་ཟས་མཐའ་དག་དང་། མ་ཚོས་པ། ཚིག་དྲགས་པ། ཁེངས་པོར་གྱུར་བའི་ཟས་ཀྱི་རིགས་ཟ་བ་དང་། བ་རའི་འོ་མ་དང་ཞོ་མ་ལངས་པ་དར་བ་རས་པ། ཆུ་གྲང་མོ་དང་ཇ་སོགས་མང་དུ་འཐུང་བ། གཞན་ཡང་བཟའ་བཏུང་ཆེས་ཏེ་ཚད་ལས་འདས་པའམ་སྔ་མ་མ་ཞུ་ཕྱི་མ་ཟོས་པ་ཡིས་བད་ཀན་གྲང་ནད་སློང་བ།།

ནད་རྟགས།

  མིད་པ་འཆུས་ནས་ཟས་མིད་དཀའ་བ། དབུགས་རྔུབ་མི་བདེ་ཞིང་ཤ་སྐམ་ལ་ལུས་སྟོབས་འཆོར་བ། ཟས་སྐོམ་མི་ཐར་བས་ཕོ་བ་ཆ་ནས་རུབ་པ། བྲང་རྒྱབ་དང་ཕྲག་མིག་གཟེར་བ། བྲང་ཚ་བ། སྐབས་སུ་གྲེ་བ་དང་ལྕེ་ཐོག་ཏུ་སྤུ་ཡོད་པ་འདྲ་བ་དང་། ཕྲེང་རྡོག་ལྟ་བུ་ཡར་འགྲོ་ཕྱིར་འགྲོ་བྱེད་པ་འབྱུང་།

  རྩ་ནི་བྱིང་གུད་དལ་བ་དང་།

  ཆུ་ཡི་མདོག་དཀར་ཞིང་དྲི་མ་དང་རླངས་པ་ཆུང་།

  ལྕེ་མདོག་སྐྱ་གླེག་མདངས་མེད་འཇམ་ལ་རློན།

གཞོགས་འདེགས་བརྟག་དཔྱད།

  མིད་པའི་X-RAYཔེ་ཚན་འགྱེལ་སྒྲ་བརྒལ་ལས། ནང་སྐྱིའི་གཉེར་མ་ཇེ་མཐུག་དུ་སོང་བ་དང་སྨུག་རྡོལ་ཆུང་ངུ་ཡོད་པའི་གནས་སུ་གཟུགས་ཤར་བ་དང་། མིད་པའི་ནང་ངོས་ཇེ་དོགས་སུ་སོང་ཡོད་པ་ཡང་མཐོང་ཐུབ་དང་། དེ་མིན་མིད་པའི་ནང་ངོས་ཀྱི་ཉེ་སར་པེ་རྫས་ཆགས་ཡོད་པ་ཡང་ཤེས་ཐུབ། མིད་པའི་CTབརྟག་དཔྱད་ལས་མིད་འབྲས་ཀྱི་ཆེ་ཆུང་དང་གནས་ཡུལ་ནད་བབས་ཀྱི་ལྕི་ཉམས་སོགས་ཤེས་ཐུབ། བད་ཀན་མགུལ་འགགས་སྔ་དུས་སུ་གསལ་བོར་མི་ཤེས་ངོས་འཛིན་ཅུང་དཀའ། འདི་ལ་ཡང་ཕོ་ཤེལ་བརྟག་དཔྱད་ལས་མིད་པའི་ན་སའི་ཕུང་གྲུབ་ཕྲན་ཙམ་ལངས་ནས་ཕྲ་མཐོང་མེ་ལོང་གྱིས་བརྟག་དཔྱད་བྱས་ན་བད་ཀན་མགུལ་འགགས་ཀྱི་ནད་ཡོད་མེད་གསལ་བར་ཤེས་ཐུབ།

འཁྲུལ་སོ་བསལ་བ།

   ལྷེན་སྐྲན་དང་འཁྲུལ་སོ་བསལ་བ། ལྷེན་དེ་ཉིད་རྒྱ་ཆགས་ནས་སྐྲན་ལྟར་འདྲིལ་ཚེ་མནན་ན་ཤིན་ཏུ་སྲ་ཞིང་རྒྱུན་དུ་འཕར་ལ་རེག་ན་མི་བཟོད་པ་དང་། ཁ་ཟས་གང་ཡང་མི་ལེན་པར་ཟོས་ཚད་ཕྱིར་སྐྱུགས་པ། རླན་གྲང་ཆེ་བའི་གནས་སུ་བསྡད་ན་ན་བ། ཤེད་ཆུང་ཞིང་སྒྲེག་པ་མི་ཐོན་པ་ལས་འཁྲུལ་སོ་སེལ་ནུས།།

  ཟས་སྐྲན་དང་ཁྲུལ་སོ་བསལ་བ། ཕོ་བ་འཚིང་ལ་སྒྲེག་པ་མང་བ། ཟས་ཟོས་ཐོག་ཏུ་གླང་ཐབས་ན་བ། ཟས་གང་མ་ཞུ་བ་དེ་ལྷག་པར་གནོད་པ། གདོང་དང་མིག་ལྕིབས་དང་རྐང་བོལ་གཡོ་བ་ལས་འཁྲུལ་སོ་སེལ་ནུས།།

གོང་ངོས། བད་ཀན་མེ་ཉམས།
X