//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཁོང་ནད་ཀྱི་སྐོར། > ནང་དོན།

ལྷེན་སྐྲན།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-06 8:39:36 ཀློག་གྲངས། 23 

ཕོ་བའི་མེ་དྲོད་ཀྱིས་ཟས་སྐོམ་རྣམས་ཚུལ་བཞིན་མ་ཞུ་བའི་རྐྱེན་གྱིས་བད་ཀན་བེ་སྣབས་འཕེལ་ཞིང་། དེ་དག་རླུང་གིས་སྒྲིལ་ནས་ལྷེན་སྣའི་འོག་ཏུ་ཆགས་པ་ལ་ལྷེན་སྐྲན་ཞེས་བྱའོ། །

རྒྱུ་རྐྱེན།

      ཟས་སྐོམ་འཇུ་དཀའ་བའི་རིགས་དང་། མ་གོམས་པའི་རིགས། མི་འཕྲོད་པའི་རིགས་སོགས་རྒྱུན་རིང་བསྟེན་པ་དང་། ལུས་ཁམས་འཁྱགས་པ་སོགས་ཀྱིས་སློང་གི་ཡོད་པ་རེད།

ནད་རྟགས།

       མནན་ན་ཤིན་ཏུ་སྲ་ཞིང་རྒྱུན་དུ་འཕར་ལ་རེག་ན་མི་བཟོད་པ་དང་། ཁ་ཟས་གང་ཡང་མི་ལེན་པར་ཟོས་ཚད་ཕྱིར་སྐྱུགས་པ། ཟས་རྗེས་ན་ཞིང་ལྟོགས་ན་བདེ་བ། རླན་གྲང་ཆེ་བའི་གནས་སུ་བསྡད་ན་ན་བ། ཤེད་ཆུང་ཞིང་སྒྲེག་པ་མི་ཐོན་པ་ལས་འཁྲུལ་སོ་སེལ་ནུས་སོ། །

       རྩ་ནི་ཞན་ཅིང་ཞར་བར་འཕར་བ།

       ཆུ་ལ་སྐྲན་ཐིགས་ཉ་མིག་ལྟ་བུ་འབྱུང་བ།

       ལྕེ་མདོག་སྐྱ་གླེག་མདངས་མེད་འཇམ་ལ་རློན་པ།

གཞོགས་འདེགས་བརྟག་དཔྱད།

      ནད་འདི་ནི་ཕོ་བར་མ་ཞུ་བེ་སྣབས་འཕེལ་བའི་རྐྱེན་གྱིས་ཟས་མི་འཇུ་བར་རྟག་པར་སྐྱུགས་པ་དང་། ཕོ་བར་འདྲིལ་སྙམ་བྱེད་པའི་ནད་ཅིག་རེད། འོན་ཀྱང་ན་ལུགས་དེ་ལྷེན་སྣའི་འོག་ཏུ་ཡིན་པ་དང་། འདྲིལ་སྐྲན་ཡོད་པའི་སྣང་བ་འཆར་གྱི་ཡོད་སྟབས་ལྷེན་སྐྲན་ཞེས་གསུངས་པ་རེད། དེ་ལ་འབྲེལ་ཡོད་གཞོགས་འདེགས་བརྟག་གི་སྐོར་ལས་ཕོ་ཤེལ་བརྟག་དཔྱད་ལས་ངོས་འཛིན་གསལ་བོ་བྱེད་ཐུབ།

འཁྲུལ་སོ་བསལ་བ།

       བད་ཀན་ལྷེན་དང་འཁྲུལ་སོ་བསལ་བ། ལྷེན་སྣའི་འོག་ཏུ་འདྲིལ་སྙམ་བྱེད་ཅིང་ལྟོང་ངེ་ན་ལ་མནན་ན་འདྲིལ་མེད་པ། དང་ག་མི་བདེ་བ། ཟས་འཇུ་དཀའ་བ། ཟོས་དུས་ན་ཞིང་ལྟོགས་ན་བདེ་བར་ཚོར་བ་ལས་འཁྲུལ་སོ་སེལ་ནུས་སོ། །

       ཟས་སྐྲན་དང་འཁྲུལ་སོ་བསལ་བ། ཕོ་བ་འཚིང་ལ་སྒྲེག་པ་མང་བ། ཟས་ཟོས་ཐོག་ཏུ་གླང་ཐབས་ན་བ། ཟས་གང་མ་ཞུ་བ་དེ་ལྷག་པར་གནོད་པ། གདོང་དང་མིག་ལྕིབས་དང་རྐང་བོལ་གཡོ་བ་ལས་འཁྲུལ་སོ་སེལ་ནུས་སོ། །

X