//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཚ་བ་གཉན་རིམས་སྐོར། > ནང་དོན།

རྣ་རྩ་ཕུས་འདེབས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-06 11:04:22 ཀློག་གྲངས། 18 

 རྣ་རྩ་ཕུས་འདེབས་ཀྱི་ནད་ནི་འདྲ་བའི་སྒོ་ནས་བཏགས་པ་དང་ངོ་བོ་གཉན་རིམས་རྣ་བའི་རྩ་དང་དེའི་ཉེ་འཁོར་དུ་ཞུགས་པ་ཞིག་ཡིན་ཅིང་། ངེས་ཚིག་རྣ་བའི་ཐད་ཀྱི་རྩ་རྣམས་རྐྱལ་བ་ཆུས་བུས་པའམ་ཕུས་འདེབས་པ་ལྟར་སྐྲངས་པོ་འཁྱུར་རེར་བྱུང་བའི་ནད་ཅིག་རེད།

རྒྱུ་རྐྱེན།

 དགུན་དཔྱིད་ནད་རིམས་ཁྱབ་པའི་སྐབས་སུ་ཐལ་རྡུལ་དང་མཁའ་རླུང་བཙོག་པའི་ཁྲོད་དུ་ཕྱིན་པ་དང་། ལུས་ཁམས་ཀྱི་ནད་འགོག་ནུས་བ་ཆུང་དུ་ཕྱིན་པ། རིམས་ནད་ཡོད་པའི་ནད་པ་དང་འབྲེལ་འདྲིས་བྱས་པ་སོགས་ཀྱིས་སློང་གི་ཡོད་པ་དང་། རོ་ཚ་བ་དང་སྐྱུར་བའི་ཟས་དང་། ལྕི་དང་བཅུད་ཅན་རུལ་སུངས་སུ་གྱུར་བ། སྤྱོད་ལམ་ངལ་དུབ་དང་དྲག་ཤུལ་མདོར་ན་ཁྲག་མཁྲིས་བསྐྱེད་པའི་ཟས་སྤྱོད་ཀྱིས་སློང་བ་རེད།

ནད་རྟགས།

  མགོ་དང་ཚིགས་གཞི་ན་བ། གྲང་ཤུམ་བྱེད་པ། ཚ་བ་རྒྱས་པ། གཉིད་འཕེལ་བ། མཇིང་པ་རེངས་པ། ལྷག་པར་རྣ་རྩའམ་རྣ་ཤལ་ཉེ་སྐོར་གྱི་ཟ་འགྲམ་སྐྱ་བོགས་སུ་སྐྲངས་ནས་ཕུ་ཡི་བཏབ་པ་ལྟར་ཆགས་པ་དང་། གཟེར་ཟུག་རྒྱག་པ། ཁ་གདངས་པ་དང་ཟས་ལྡད་དུས་ན་ཟུག་གཏོང་བ།

  ནང་ངོས་ཀྱི་འགྲམ་ཕུག་ཏུ་དམར་སྐྲངས་ཆགས་པ་སོགས་ཀྱི་མངོན་ཚུལ་འབྱུང་བ། ལུས་ཁམས་ལྕི་བ་དང་སྒྱིད་ལུག་པ། ཐང་ཆད་པ། ཟས་ལ་དང་ག་མེད་པ། བཞིན་མདངས་ཉམས་པ།

  འཕར་རྩའི་རྒྱུ་བ་ཕྲ་ལ་བྱིང་ཞིང་ཀན་རྩ་གྲིམས་པ།

  ཆུ་མདོག་དམར་སེར་གྱི་མངོན་ཚུལ་བྱུང་བ།

  མིག་སྤྲིན་དང་ལྕེ་མདོག་སྐྱ་སེར་འབྱུང་བ།

གཞོགས་འདེགས་བརྟག་དཔྱད།

  ཁྲག་པྲ་ལས་ཕྲ་ཕུང་དཀར་པོ་རྒྱུན་ལྡན་ནམ་ཡང་ན་ཅུང་ཟད་མཐོ་བ། རྨེན་བུ་ཕྲ་ཕུང་སྤྱིར་བཏང་ལས་ཅུང་མང་བ། 90%ཡི་ནད་པར་དྭངས་ཁྲག་སང་ཕྱེ་རྩབས་དང་གཅིན་གྱི་སང་ཕྱེ་རྩབས་གཉིས་ཅུང་ཟད་མཐོ་བ།

འཁྲུལ་སོ་བསལ་བ།

  ཆམ་རིམས་དང་འཁྲུལ་སོ་བསལ་བ། ལུས་ཤེད་ཉམས་པ་དང་། སྒྱིད་ལུག་པ། ཡི་ག་མེད་པ། འཇུ་སྟོབས་ཞན་པ། མགོ་དང་ཚིགས་གཞི་ན་བ། སྣ་ཆུ་འཛག་པ། གློ་ལུ་བ་བཅས་ཀྱི་ནད་རྟགས་ལས་འཁྲུལ་སོ་སེལ་ནུས།།

  གཉན་གག་པ་དང་འཁྲུལ་སོ་བསལ་བ། ཚ་རྒྱག་པ་དང་། མགོ་དང་ཚིགས་གཞི་ན་བ། ལུས་ཡོངས་མི་བདེ་བ་དང་། གྲེ་བར་ན་ཟུག་གཏོང་བ། ལྕེའི་སྟེང་དུ་དྲེག་པ་མཐུག་པོ་ཆགས་པ། ལྷག་པར་རྐན་ཕུགས་དང་། གྲེ་བ། ལྕེ། མཆུ་ཏོ་བཅས་ལ་ཐོར་བ་སྐྱེས་ནས་ན་ཟུག་གཏོང་བ། གློ་མིག་འགགས་ནས་དབུགས་རྔུབ་གཏོང་དང་ཟས་མིད་དཀའ་བ་ལས་འཁྲུལ་སོ་སེལ་ནུས།།

X