//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ལུས་སྟོད་ནད་ཀྱི་སྐོར། > ནང་དོན།

རྣ་ནད་རྣག་འཛག

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-06 11:48:31 ཀློག་གྲངས། 47 

        རྣ་ནད་རྣག་འཛག་ནི་ལུས་ཀྱི་འདུ་བ་འཁྲུགས་ཏེ་ཕལ་ཆེར་བར་རྣའི་གནས་སུ་ནད་འགྱུར་བྱུང་ནས་དུས་རྒྱུན་རྣག་འབྱམས་པ་དང་། མཐར་རྣ་བ་འོན་པའི་ནད་ཅིག་རེད།

རྒྱུ་རྐྱེན།

      ཟས་སྤྱོད་ལོག་པ་དང་། སྒྲ་དབང་རྔ་སྐྱི་ལ་མཚོན་སོགས་ཕྱི་རྐྱེན་གྱིས་རྨས་སྐྱོན་ཕོག་པ་དང་། གདོན་ལ་སོགས་པས་འདུ་བ་འཁྲུགས་པ།

ནད་རྟགས།

      འདུས་པ་ལས་གྱུར་བ་ཡིན་ཏེ། ཁྲག་མཁྲིས་ཚ་བ་ཤས་ཆེ་བའི་རྟགས་སུ་རྣ་བར་ཚ་དྲོད་རྒྱག་པ་དང་། གཟེར་ཟུག་ཆེ་བ། ཁྲག་དང་ཆུ་སེར་འཛག་པ། སྒྲའི་ཚོར་བ་ཉམས་ཞན་དུ་གྱུར་བ།

      བད་རླུང་གྲང་བ་ཤས་ཆེ་བའི་དུས་དུ་རྣ་བ་འུར་ཞིང་ཟ་འཕྲུག་བྱེད་པ། ན་ཟུག་ཆུང་ཞིང་རྣག་མདོག་སྐ་སླ་མ་ངེས་བར་དུས་རྒྱུན་དུ་འཛག་པ་དང་རྣ་བ་འོན་པ་ལྟ་བུ་ཉིད་དུ་འགྱུར་བ་སོགས་ཀྱི་མངོན་ཚུལ་ཡོད།

      རྩ་རྒྱུད། ཕྲ་ལ་ཤུགས་ཞན་པ།

      ཆུ། སེར་ལ་ལྦུ་བ་ཆུང་། སངས་སྐྱེན་པ།

      ལྕེ། དམར་སྐྱ་སྟེང་དུ་དྲེག་པ་མཐུག་པོ་ཆགས།

        གཞོགས་འདེགས་བརྟག་དཔྱད།

      སྒྲ་དབང་རྔ་སྐྱིར་བརྟག་ཞིབ་བྱེད་སྐབས་དམར་སྐྲངས་ཆགས་པ་དང་། ཡང་ན་རལ་རྡོལ་བྱུང་ནས་བུ་ག་ཡོད་པ་སོགས་གསལ་པོར་མཐོང་ཐུབ།

འཁྲུལ་སོ་བསལ་བ།

      རྣ་ནད་རླུང་གྱུར་དང་འཁྲུལ་སོ་བསལ་བ། རྣ་ནད་རླུང་གྱུར་ལ་རྣ་བའི་ནང་སྟོང་སེང་ཡིན་སྙམ་སེམས་པ་དང་། ན་ཟུག་ཆེ་ལ་གྲང་ན་མི་བདེ་བ། མགོ་བོའི་གཞོགས་ཕྱེད་ན་བ།

      རྣ་ནད་མཁྲིས་གྱུར་དང་འཁྲུལ་སོ་བསལ་བ། རྣ་ནད་མཁྲིས་གྱུར་ལ་རྣ་བར་ཚ་བ་དང་བཅས་ན་ཟུག་ཆེ་ལ་མགོ་བོ་ན་བ། རྣ་བ་ནས་ཆུ་སེར་མྱུར་དུ་འཛག་ལ་ཆུ་སེར་དེ་གང་དུ་རེག་པའི་སར་འབྲུམ་ཐོར་དོན་ནས་རྣག་འབྱུང་བ།

གསོ་ཐབས།

      གསོ་ཚུལ།

      ཐོག་མར་སད་མདའ་བཏང་ནས་ནད་ངོ་ལེན་པ། བར་དུ་རྣག་སྐེམ་པ། ཐ་མ་ནད་རྗེས་གཅོད་པ།

         བཅོས་ཐབས།

       ཟས ། ཚ་སྐྱུར་དང་རུལ་སུངས་སུ་གྱུར་བའི་ཁ་ཟས་སྤངས་ཏེ་དྲོད་བཅུད་ཀྱི་ཟས་བསྟེན་པ།

         སྤྱོད་ལམ། དྲག་ཤུལ་སྤངས་ཏེ་ངལ་གསོ་མང་དུ་རྒྱག་པ།

         སྨན། གུར་ཁྱུང་། གུར་ཀུམ་བཅུ་གསུམ། སྤང་ཁྲག་བཅུ་གཉིས། ཨུག་ཆོས་ལྔ་བ། སུག་སྨེལ་བཅུ་བའི་སྟེང་དུ་ཟངས་ཐལ་དང་བསེ་རུ་བསྣན་ཏེ་བཏང་།

         དཔྱད། རྣ་བའི་བུ་གའི་དྲང་ཐད་ཀྱི་རྒྱབ་མདུན་མེ་ཡིས་བསྲེགདཔྲལ་རྩ་དང་རྩེ་ཆུང་གང་འོས་གཏར།

ཕན་འབྲས་ཚད་གཞི།

        སངས་དྲག

        གོང་གི་ནད་རྟགས་རྣམས་ཞི་བ་དང་ལུས་པོ་ཐ་མལ་དུ་ཚུད་པ།

          སྐྱེད་ཆེ་བ།

ཁྲག་མཁྲིས་ཚ་བ་ཤས་ཆེ་བའི་རྟགས་སུ་རྣ་བར་ཚ་དྲོད་རྒྱག་པ་དང་། གཟེར་ཟུག་ཆེ་བ། ཁྲག་དང་ཆུ་སེར་འཛག་པ། སྒྲའི་ཚོར་བ་ཉམས་ཞན་དུ་གྱུར་བ། བད་རླུང་གྲང་བ་ཤས་ཆེ་བའི་དུས་དུ་རྣ་བ་འུར་ཞིང་ཟ་འཕྲུག་བྱེད་པ། ན་ཟུག་ཆུང་ཞིང་རྣག་མདོག་སྐ་སླ་མ་ངེས་བར་དུས་རྒྱུན་དུ་འཛག་པ་སོགས་ཀྱི་ན་ལུགས་ལས་གང་གཙོ་ཆེར་བྱུང་བ་དེ་ཞི་ཞིང་། གཞོགས་འདེགས་བརྟག་དཔྱད་དང་རྩ་ཆུ་ལྕེའི་རྟགས་རྣམས་ཀྱང་ཕལ་ཆེར་རང་མལ་དུ་ཚུད་པ།

       སྐྱེད་ཆུང་བ།

  ན་ལུགས་གཙོ་བོ་དེ་མ་ཞི་བ། ནད་རྟགས་འགའ་རེ་ཞི་ཡང་རྩ་ཆུར་འགྱུར་ལྡོག་ཆུང་བ།

       སྐྱེད་མེད་པ།

          ཕན་སྐྱེད་ཅི་ཡང་མ་བྱུང་བའམ་ཇེ་སྡུག་ཏུ་ཕྱིན་པ།

གོང་ངོས། མིག་ཚག་གི་ནད།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X