//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > ཐོར་བུའི་ནད་ཀྱི་སྐོར། > ནང་དོན།

གྲང་གླང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-07 11:43:16 ཀློག་གྲངས། 18 

  གྲང་བའི་གླང་ཐབས་ནི་ངོ་བོ་ཁ་ཟས་མ་ཞུ་བ་ཕོ་བར་ལྷུང་བ་དང་རྒྱུ་ལོང་དུ་ཐུར་སེལ་རླུང་འཁྱིལ་བ་ལས་གྱུར་པ། རྟགས་སུ་ཕོ་བ་སྦོ་ལྡེང་བྱེད་ཅིང་ཐེར་ཟུག་ཏུ་ན་བ་དང་། ཁ་ཟས་ཟོས་པ་མི་འཇུ་བའམ་བད་ཀན་སྐྱུག་ཅིང་གྲངརྔུལ་བྱེད་པ། མི་འཕྲོད་པའི་ཟས་ཟོས་རྗེས་ནད་ལྡང་བ། ལྟོ་བ་འགྲངས་དུས་དང་མཚན་མོའི་དུས་ན་ཆེ་ཞིང་བཀྲེས་དུས་དང་ཉིན་པར་བདེ་བ། ཐུར་སེལ་རླུང་འཁྱིལ་བས་འོག་རླུང་མི་ཐོན་པར་ལྟོ་བ་སྦོ་འཁྲོག་བྱས་ནས་ཧྲིལ་ཧྲིལ་ན་བ་དང་། ནད་ཚབས་ཆེ་ན་རླུང་གིས་རྒྱུ་མ་གཅུས་ཤིང་འཁྲིལ་ནས་གསོ་དཀའ་བར་འགྱུར་བ་ཞིག

རྒྱུ་རྐྱེན།

  གྲང་བའི་གླང་ཐབས་ནི་ཟས་སྐོམ་རྗེན་པ་དང་གྲང་མོ། འཇུ་དཀའ་བའི་རིགས་བསྟེན་པའམ་མི་འཕྲོད་པ་དང་སྔར་མ་གོམས་པའི་རིགས་བསྟེན་པ། ལུས་ཁམས་འཁྱགས་པ་སོགས་ཀྱིས་ཕོ་བར་མ་ཞུ་བ་ལྷུང་བ་དང་། རྒྱུ་ལོང་གི་ནང་དུ་ཐུར་སེལ་གྱི་རླུང་འཁྱིལ་བས་ཐེར་ཟུག་ཏུ་ན་བ་དང་ཟས་མ་ཞུ་བའམ་བད་ཀན་སྐྱུག་ཅིང་གྲང་རྔུལ་ལངས་པའི་ནད་ཅིག་ཡིན།

ནད་རྟགས།

  ནད་འདི་ཕོ་བར་སྦོ་ལྡེང་དང་ལྡང་དུབ་མེད་པར་ཐེར་ཟུག་གི་གནས་གཅིག་ཏུ་ན་བ།

  ཟས་མ་ཞུ་བའམ་བད་ཀན་སྐྱུག་ཅིང་གྲང་རྔུལ་བྱེད་པ།

  ཁོག་པ་སྦོས་བརྒྱངས་བྱེད་པ། རུལ་དྲི་ཅན་གྱི་འགག་སྒྲེགས་རྒྱག་པ།

  ཟས་འཇུ་དཀའ་ཞིང་མི་འཕྲོད་པའི་ཟས་སྐོམ་རིགས་བསྟེན་ཚེ་ལྷག་ཏུ་གནོད་པ།

གཞོགས་འདེགས་བརྟག་དཔྱད།

  ནད་འདི་ལ་གཞོགས་འདེགས་བརྟག་དཔྱད་ལས་རྒྱུ་ཤེལ་བརྟག་ནས་ཅུང་ངོས་འཛིནཔ་སླ་བ་དང་། དེས་རྒྱུ་ལོང་གི་ནད་གཞན་ཡོད་མེད་ཀྱི་འཁྲུལ་སོ་ཡང་སེལ་ཐུབ། ཁྱད་པར་དུ་ཕོ་ལོང་གཉིས་ནི་གླང་ཐབས་ཀྱི་ཡུལ་ཡིན་པས། གནས་དེ་གཉིས་སུ་ཁྲག་ལྷུང་ན་གྲང་བ་སྟེ་ལུས་འཁྱགས་ཚེ་ན་ཟུག་ལྡང་ཞིང་སྒྲེགས་པ་བྱེད་པ་དང་། སྐྱུག་ཚུལ་སྟོན་ལ་རོ་རྒྱབ་དང་མཆིན་དྲི་གཉིས་སྦྲགས་ཏེ་ན་བ་ཞེས་འཁོར་བ་དང་འཐེན་པའི་ཚུལ་དུ་ན་བ་དང་ཕོ་ལོང་གྲང་ཤུམ་བྱེད་པའོ། །

འཁྲུལ་སོ་བསལ་བ།

  ཁ་ཟས་མ་ཞུ་བ་ལྷུང་བ་དང་མི་འཕྲོད་པའི་ཟས་ཟོས་རྗེས་ན་ཟུག་ལྡང་བ། གང་མ་ཞུ་བ་དེའི་རུལ་སྒྲེགས་མང་ཞིང་སྐྱུག་མེར་ལངས་པ། ཟས་ཟོས་མ་ཐག་ཏུ་ན་བ་སོགས་རྒྱུ་ལུག་དང་བད་ཀན་ལྷེན་ལ་ནོར་ཉེན་ཆེ་སྟེ། རྒྱུ་ལྷག་ནི་ན་ཟུག་ཆེ་ཞིང་རྩ་ཆུ་མི་འོང་བ་དང་། བད་ཀན་ལྷེན་ལྟོང་ངེ་སྟེ་ལག་པས་འཛིན་རྒྱུ་ཡོད་པ་ལྟར་འདྲིལ་སྙམ་གསལ་བས་མི་འདྲ། གཞན་ཚ་གླང་ལ་ལུས་དྲོད་ཚ་ལ་རྔུལ་འབྱུང་བ། ཁྱད་པར་དུ་གཟེར་ཟུག་ལྡང་དུབ་ཅན་འབྱུང་བ་ཁྲག་དང་མཁྲིས་པ་སྐྱུག་ཅིང་རྩ་རྒྱུད་གྲིམས་མགྱོགས་པ། ཆུ་མདོག་དམར་སེར་བཅས་ཚ་བའི་རྟགས་གསལ་བས་ངེས།

གོང་ངོས། ཚ་གླང་།
X