//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་བཅོས། > དུག་ནད་ཀྱི་སྐོར། > ནང་དོན།

གྱུར་དུག

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-08-10 15:18:22 ཀློག་གྲངས། 36 

 གྱུར་དུག་ནི་དུག་དངོས་དང་སྦྱར་བ་མ་ཡིན་ཀྱང་ཁ་ཟས་བསྟེན་ཚུལ་དང་རྟེན་གྱིས་དུག་ཏུ་གྱུར་པ་ལ་ཟེར།

རྒྱུ་རྐྱེན།

      དེ་ལ་ཟས་སྐོམ་རང་བཞིན་གྱི་དུག་དུ་གྱུར་ནས་ངོ་བོ་མི་འཕྲོད་པ་སྟེ་ཆང་ལངས་འཕྲད་དུ་བསིངས་པ་དང་ཞོ་མ་ལངས་པ། སེར་ཤ་སྟེ་ཤ་མོའི་རིགས་ཡུངས་དཀར་གྱི་སྣུམ་ལ་བརྔོས་པ། ཁྱིམ་བྱའི་ཤའམ་སྒོ་ང་དང་ཞོ་དང་མཉམ་དུ་ཟ་བ། དེ་བཞིན་ཏུ་འོ་རློན་དང་ལ་ཕུག། འོ་མ་དང་སྒོག་སྐྱ། འོ་མ་དང་ཡུངས་དཀར་ལོ་མ་རྗེན་པ། འོ་རློན་དང་ཉ་ཤ། ཉ་ཤ་དང་སྒོ་ང་། ཟར་མ་དང་ཏིལ་སྣུམ་འོ་མ་སོགས་་མི་འཕྲོད་པ་ཡིན་ཏེ་དེ་རྣམས་སྔ་མ་མ་ཞུ་བར་ཕྱི་མ་ཟོས་པའམ་ཕན་ཚུན་བསྲེས་ཏེ་ཟ་བ། ལྷན་ཅིག་ཏུ་ཟོས་པར་གྱུར་ན་མི་འཕྲོད་པའི་ནུས་པ་འཐབས་ནས་ཉེས་པ་རྣམས་འཁྲུགས་པརའགྱུར་བ་ཡིན་ལ། གཞན་སྔར་ཟ་མ་མྱོང་བའི་ཟས་རིགས་ཟ་བ་དང་། དུས་མ་ཡིན་པར་མཚན་མོ་ལྟ་བུར་ཟ་བ། ཡང་ན་ངོ་བོ་ཉིད་ཀྱིས་འཇུ་དཀའ་བ་གྱོང་རློན་སྣུམ་པ་སོགས་བསྟེན་པས་མ་ཞུ་བར་དྭངས་སྙིགས་འདྲེས་ཏེ་རྩ་མིག་ཀུན་ཏུ་བྱེར་ནས་ལུས་ཟུངས་བདུན་པོ་རྣམས་རིམས་ཀྱིས་འགྲིབ་བར་བྱེད་པ་ཡིན།

ནད་རྟགས།

      ཤ་མདོག་སྔོ་ལ་སྐམ་པ། མིག་མི་གསལ་བ། མགོ་ན་བ། སྐབས་སུ་ལུས་བརྩེ་ཞིང་བྲང་རྒྱབ་དང་རྩིབ་ལོག་རྣམས་གཟེར་བ། སྒྲེགས་པ་མང་ཞིང་ཁོང་པ་སྦོ་ལ་ཟས་འཇུ་དཀའ་ཞིང་ཟས་ཟོས་རྗེས་ན་བ།

      ཡན་ལག་གི་ཚིགས་གཞི་ན་ཞིང་རྐང་བའི་བོལ་གོང་དང་གསུས་པའི་ཤ་རྣམས་སྦོ་བ། གལ་ཏེ་སྔོན་ནས་མི་འཕྲོད་པའི་ཟས་སྐོམ་རྣམས་ཟོས་ན་འཁྲུ་སྐྱུགས་བྱེད་པའི་ཚུལ་སྟོན། མདོར་ན་མི་འཕྲོད་པས་སྐྱེད་པའི་མ་ཞུ་བ་ཀུན་ཕོ་བར་གནས་ཚེ་བད་ཀན་ཤས་ཆེ་བས་གྲང་བ་དང་།

      མཆིན་པར་གནས་ཚེ་ཁྲག་མཁྲིས་ཤས་ཆེ་བས་ཚ་ཞིང་། ཉེས་གསུམ་དང་ཁྲག ཆུ་སེར་སོགས་གང་དང་ལྡན་ན་རང་གི་མཚན་ཉིད་དང་མཐུན་པའི་རྟགས་སྟོན་ཏེ། རླུང་ལྡན་ན་སྦོ་འཁྲོག་བྱེད་ཅིང་མགོ་བོ་འཁོར། མཁྲིས་པ་དང་ལྡན་ན་ཁོང་ཚ་ཞིང་འཁྲུ་བ།

      ཁྲག་གི་རྐྱེན་གྱིས་ཀོ་ལེར་གཟེར་ཞིང་ཚ་འཁྱུག་བྱེད་པ། བད་ཀན་དང་ལྡན་ན་ལུས་ལྕི་ཞིང་མགོ་ན་ལ་ཟས་སྐོམ་འཇུ་བ་དཀའ་ཡང་ཟ་འདོདཔ། ཆུ་སེར་དང་ལྡན་ན་རྐང་བའི་ངར་གདོང་དང་བོལ་གོང་། བཅུ་དྲུག་མདོ་རྣམས་གཡོ་ཞིང་སྐྲངས་ལ་ཚིགས་གཞི་ན་བར་འོང་།

     རྩ་རྒྱུད་ཕྲ་ལ་གཏིང་ན་གྲིམས་པ།

         ཆུ་མདོག་དམར་རམ་སྨུག་ལ་ཀུ་ཡ་ཆད་པ།

གཞོགས་འདེགས་བརྟག་དཔྱད།

      ཁྲག་པྲ་དང་དྲི་ཆུ། བཤང་བ། སྐྱུགས་རོ་སོགས་ལས་དུག་རིགས་དབྱེ་ཞིབ་བྱེད་པ།

འཁྲུལ་སོ་བསལ་བ།

      ཤ་དུག་དང་མ་ཞུ་བ་ལ་སྒྲེག་མང་བ་དང་ཁོང་པ་སྦོ་འགྱིངས་བྱེད་པ། ཟས་འཇུ་དཀའ་བས་འཁྲུལ་སོ་ཆེ་མོད། ཤ་དུག་ལ་ཕོ་བ་སྦོ་འབྱིངས་ལས་གླང་ཐབས་ན་བ་དང་མིད་པ་ལྟེབ་ལ་སྐད་འཛེར་བ། ཤེས་པ་ཟི་བ། མགོ་འཁོར་ལ་རྐང་པས་གཏད་མི་ཚུགས་པ་དང་། མ་ཞུ་བ་དྲི་མ་འགག་གམ་དུས་མིན་འབྱུང་བ། འོག་རླུང་འགྱུ་དཀའ་འཁྱིལ་ཞིང་དུས་ཡུན་འགྱིངས་རྗེས་བུངས་ཆེར་འཁྲུའམ་ཡི་ག་ལྡོག་སྟེ་ཟོས་དུས་ན་བས་འཁྲུལ་སོ་བསལ་ལ། མདོར་ན་ཤ་མདོག་སྔོ་ལ་སྐམ་པ། སྐབས་སུ་ལུས་བརྩེ་ཞིང་བྲང་རྒྱབ་དང་རྩིབ་ལོག་རྣམས་གཟེར་བ། སྒྲེག་པ་མང་ཞིང་ཁོང་པ་སྦོ་ལ་ཟས་འཇུ་དཀའ་ཞིང་ཟོས་རྗེས་ན་བ། མཆིན་པར་གནས་ཚེ་ཁྲག་མཁྲིས་ཤས་ཆེ་བས་ཚ་ཞིང་། ཁྲག་གི་རྐྱེན་གྱིས་ཀོ་ལེར་གཟེར་ཞིང་ཚ་འཁྱུག་བྱེད་པ། སྤྱིར་རྩ་རྒྱུད་ཕྲ་ལ་གཏིང་ན་གྲིམས་པ་དང་། ཆུ་མདོག་དམར་རམ་སྨུག་ལ་ཀུ་ཡ་ཆད་པ་སོགས་ལས་མ་ནོར་བར་ངེས།

གོང་ངོས། སྦྲུལ་དུག
རྡེབ་ཚད་ཨང་རིམ།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X