//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ལས་ཁུངས། > ནད་ཐོག་ལས་རིགས། > མཚོ་སྔོན། > ནང་དོན།

སྐུ་འབུམ་བོད་སྨན་ཁང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བཀྲ་བྷ། དུས་ཚོད། 2015-08-14 17:40:21 ཀློག་གྲངས། 17 

མཚོ་སྔོན་ཞིང་ཆེན་སྐུ་འབུམ་དགོན་པའི་བོད་སྨན་ཁང་ནི་སྐུ་འབུམ་མཁན་ཆེན་བཀྲ་ཤིས་མཆོག་སྤྲུལ་རིན་པོ་ཆེ་ལུང་རྟོགས་དམ་ཆོས་རྒྱ་མཚོ་མཆོག་གིས་ཕྱག་བཏབ། རིན་པོ་ཆེ་མཆོག་གིས་སྤྱི་ལོ་༡༩༨༠ལོར་སྐུ་འབུམ་དགོན་པའི་བོད་སྨན་སྒོ་བསྟེན་ཁང་ཐོག་མར་བཙུགས་པ་དང་། རྗེས་སུ་སྤྱི་ལོ་༡༩༨༨ལོར་སྐུ་འབུམ་དགོན་པའི་བོད་སྨན་བཅོས་ས་ཚུགས་ཞེས་པར་གཞུང་གིས་ཆོག་མཆན་ཐོབ། དེ་ནས་རིམ་གྱིས་འཕེལ་རྒྱས་བྱུང་བས་སྤྱི་ལོ་༡༩༩༤ལོར་མཚོ་སྔོན་ཞིང་ཆེན་ཧོང་ཀྲུང་རྫོང་སྐུ་འབུམ་དགོན་པའི་བོད་སྨན་ཁང་ཞེས་པའི་མིང་བཏགས་ཏེ་གཞུང་གིས་ཆོག་མཆན་བཀོད། སྤྱི་ལོ་༢༠༠༡ལོར་མཚོ་སྔོན་ཞིང་ཆེན་སྐུ་འབུམ་དགོན་པའི་བོད་སྨན་ཁང་ཞེས་པའི་མིང་སྒྱུར་ཏེ་རྒྱལ་ཁབ་ཀྱི་ཚད་གཞི་ལྟར་སྒོ་བསྟེན་ཚན་ཁག་དང་། སྨན་ལུམས་ཚན་ཁག སྨན་སྦྱོར་བཟོ་ཚན་ཁག་བཅས་ཚན་ཁག་སུམ་ལྡན་གྱི་ད་ལྟའི་བོད་སྨན་ཁང་གི་རྣམ་པར་འཕེལ་རྒྱས་སུ་བཏང་བ་རེད། སྨན་ཁང་འདི་ནི་བོད་སྨན་ཁོ་ན་བེད་སྤྱོད་བྱེད་བཞིན་པའི་སྲོལ་རྒྱུན་གྱི་ཁྱད་ཆོས་ལྡན་པའི་བོད་སྨན་ཁང་ཞིག་རེད། བོད་སྨན་ཁང་དེའི་ཁྱད་ཆོས་གཙོ་བོ་ནི་སྲོལ་རྒྱུན་གྱི་སྨན་སྦྱོར་བཟོ་ཚུལ་བཞིན་བྱེད་པ་དང་། ནད་བཅོས་བྱེད་པར་བོད་སྨན་གྱི་ལག་ལེན་ཁོ་ན་བཀོལ་བཞིན་པ་དང་། ད་ལྟའི་སྨན་པ་རྣམས་ཀྱང་བཀྲ་ཤིས་རིན་པོ་ཆེ་མཆོག་དང་། བསྟན་པའི་འབྱུང་གནས། དམ་ཆོས་ཚུལ་ཁྲིམས། བློ་བཟང་འོད་ཟེར། དམ་ཆོས་དཀོན་མཆོག དམ་ཆོས་རབ་རྒྱས། བློ་བཟང་ཆོས་འཕེལ། ས་ཡི་སྙིང་བོ། ངག་དབང་དཔལ་བཟང་། བརྩོན་འགྲུས་རྒྱ་མཚོ། ཀུན་དགའ་རྒྱ་མཚོ། སྐལ་བཟང་བཀྲ་ཤིས་སོགས་རབ་བྱུང་བ་ཏག་ཏག་རེད།

         དེ་ཡང་སྤྱི་ལོ་༡༩༨༠ལོ་ནས་བཟུང་བཀྲ་ཤིས་རིན་པོ་ཆེ་མཆོག་གིས་རང་གི་དགེ་ཕྲུག་སྨན་པ་རྣམས་ཁྲིད་དེ་སྒོ་མེ་སོགས་རི་འགོར་བབས་ཏེ་སྔོ་སྨན་བཏུ་སྒྲུབ་བྱས་པ་དང་། སྨན་ཚང་མ་སྨན་པ་རང་གིས་བཟོ་སྦྱོར་བྱས་པ་དང་། སྤྱི་ལོ་༡༩༨༧ལོར་མཁན་པོ་ཁྲོ་རུ་ཚེ་རྣམ་མཆོག་གིས་རེབ་གོང་དུ་དངུལ་ཆུ་བཙོ་བཀྲུ་དང་རིན་ཆེན་རིལ་བུ་ཁག་གཅིག་བཟོ་སྦྱོར་ཕྱག་ལེན་ཐོག་མར་བྱས་པ་དང་། སྤྱི་ལོ་༢༠༠༠ལོར་རྒྱ་ཡེ་ཉི་མ་དང་སྨན་པ་ཚེ་བཀྲ་རྣམ་གཉིས་གདན་ཞུས་ཀྱིས་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་རཏྣ་བསམ་འཕེལ་སོགས་རིན་ཆེན་རིལ་བུ་རྣམས་ཕྱག་ལེན་མ་ནོར་བར་སྡེབ་སྦྱོར་གནང་། ད་ལྟ་བསྡོམས་པས་སྨན་སྦྱོར་སྣ་ཁ་ཉིས་བརྒྱ་དང་སུམ་ཅུ་ཡས་མས་སྡེབ་སྦྱོར་བྱེད་ཀྱིན་ཡོད་པ་དང་སྨན་སྦྱོར་ཡོངས་རྫོགས་ལ་སྡེབ་སྦྱོར་ཕྱག་ལེན་བཞིན་ཚུལ་བཞིན་ཡོང་བར་ཁག་ཐེག་བྱེད་ཀྱིན་ཡོད་པ་རེད། སྨན་བཟོས་རྗེས་སྨན་སྒྲུབ་བྱེད་པ་དང་སྨན་བྱིན་རླབས་གནང་སྟེ་ནད་ཐོག་ཏུ་བཀོལ་སྤྱོད་བྱེད་བཞིན་ཡོད་པ་རེད།

         སྤྱི་ལོ་༢༠༠༥ལོ་ནས་བཟུང་ད་ལྟའི་བར་དུ། ད་ལྟའི་ཡོན་ཀྲང་བསྟན་པའི་འབྱུང་གནས་དང་ཡོན་ཀྲང་གཞོན་པ་དམ་ཆོས་ཚུལ་ཁྲིམས་གཉིས་ཀྱིས་སྨན་པ་དཔལ་ལྡན་རྒྱ་མཚོ་ལགས་ཕྱག་རོགས་སུ་གདན་ཞུས་བྱས་ཏེ་བོད་ཀྱི་སྨན་རྫས་མང་བོའི་འདྲ་དཔེ་རྣམས་ཕྱོགས་བསྡུ་བྱས་པ་དང་། བོད་ཀྱི་གསོ་རིག་གི་མཁས་པའི་དབང་བོ་ཨ་ཁུ་བསྟན་གོ་ཚང་སོགས་གདན་ཞུས་ཀྱིས་སྨན་གྱི་ངོས་འཛིན་གསལ་བར་བྱས་ཏེ་འཁྲུངས་དཔེ་གཡའ་སེལ་གསེར་གྱི་མེ་ལོང་ཞེས་པའི་དེབ་དྲུག་ཅན་དཔེ་སྐྲུན་གནང་བ་དང་། དེས་བོད་སྨན་ངོས་འཛིན་ལེགས་པོ་ཡོང་བར་ཕན་ཐོགས་ཆེན་པོ་ཡོད་པར་འགྱུར།

         རོང་འབྲོག་མང་ཚོགས་ཀྱི་གནས་ཚུལ་ལ་དགོངས་ནས་སྨན་ཁང་གིས་སྔ་གཞུག་ཏུ་དཔའ་ལུང་སོགས་བོད་རིགས་ས་ཁུལ་གྱི་ཞིང་གྲོང་སྨན་པ་གསོ་སྐྱོང་དང་། མ་བུ་བདེ་སྲུང་གི་མི་སྣ་སྦྱོང་བརྡར་དང་དེའི་འཕྲོད་བསྟེན་ཤེས་བྱ་ཁྱབ་སྤེལ་བྱས་པ། གཞི་རིམ་གྱི་བྱིས་པའི་སློབ་གསོ་ལ་རོགས་སྐྱོར་བྱས་པ། རང་བྱུང་གནོད་འཚེ་ཐེབས་པའི་མང་ཚོགས་ལ་རོགས་རམ་བྱས་པ་བཅས་ཀྱི་བྱ་འགུལ་མང་བོ་སྒྲུབ་པ་དང་། འདས་པའི་ལོ་མང་བོའི་རིང་དུ་སྨན་པ་རྣམས་ལོ་རེར་མཚོ་སྔོན་ཞིང་ཆེན་གྱི་ཁོངས་སུ་ཡོད་པའི་མཐའ་ཁུལ་ས་ཆའི་རོང་འབྲོག་པའི་མང་ཚོགས་རྣམས་ལ་རིན་མི་ལེན་པར་སྨན་བཅོས་བྱས་དང་བྱེད་བཞིན་ཡོད་པ་དང་། ད་ལྟའི་བར་དུ་སྨན་ཁང་ནང་ནད་པ་ལ་བརྟག་དཔྱད་བྱས་པ་དང་། སྨན་བཅོས་བྱས་པ། མང་ཚོགས་ཀྱི་ཁྲོད་དུ་སོང་སྟེ་མང་ཚོགས་ལ་ནད་བརྟག་དཔྱད་དང་ནད་བཅོས་བྱས་པ། རོང་འབྲོག་མང་ཚོགས་ལ་བདེ་ཐང་ཡོང་བའི་ཤེས་བྱ་སྤེལ་བ་བཅས་ལོ་རེར་མི་ཐེངས་ཁྲི་ཕྲག་བཅུ་གཅིག་ལྷག་ཡོད་པ་རེད།

     བོད་སྨན་ཁང་འདི་ནི་གཞི་རྒྱ་ཅུང་ཆེ་ལ། སྨན་པ་རྣམས་ཤེས་བྱ་རྒྱ་ཆེ་ཞིང་ལག་རྩལ་མཐོ་བ། བོད་ཀྱི་སྨན་ཁོ་ན་བཀོལ་བཞིན་པའི་སྨན་ཁང་ཞིག་རེད། སྨན་ཁང་འདིའི་རྒྱ་ཁྱོན་དང་། སྨན་པའི་གྲངས་ཀ   སྨན་ལས་དང་སྨན་བཅོས་ལག་རྩལ། ནད་པའི་ཞབས་ཞུ་སོགས་རྫོང་རིམ་པའི་བོད་སྨན་ཁང་དཀྱུས་མ་ཞིག་གིས་དོ་ཡ་མི་ཡོང་ཞིང་། རྒྱལ་ཡོངས་ཀྱི་ཁོངས་སུ་ཡོད་པའི་དགོན་པའི་སྨན་ཁང་ཡོངས་ལས་བོད་སྨན་ཁང་ཆེ་ཤོས་སུ་གྱུར་ཡོད་པ་རེད། སྨན་ཁང་འདིའི་སྨན་པ་བཀྲ་ཤིས་རིན་པོ་ཆེ་མཆོག་གཙོས་སྨན་པ་རྒན་གཞོན་ཡོངས་ཀྱིས་རིས་སུ་མ་ཆད་པའི་ནད་པ་རྣམས་ལ་ལྷག་བསམ་རྣམ་དག་གིས་ནད་བརྟག་དཔྱད་གནང་བ་དང་། ནད་བཅོས་བྱེད་པ། སྨན་ཚད་ལྡན་སྤུས་ལེགས་བཟོས་ཏེ་སྟེར་བ་བཅས་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་སྒོ་ནས་ཞབས་ཞུ་བྱེད་བཞིན་ཡོད་པས་བོད་སྨན་ཁང་འདིའི་མཚན་སྙན་རྒྱལ་ཁབ་ཕྱི་ནང་ཡོངས་སུ་ཁྱབ་ཡོད་པ་རེད།

X