//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ལས་ཁུངས། > ནད་ཐོག་ལས་རིགས། > མཚོ་སྔོན། > ནང་དོན།

རྨ་ལྷོ་ཁུལ་བོད་སྨན་ཁང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བཀྲ་བྷ། དུས་ཚོད། 2015-08-14 17:44:16 ཀློག་གྲངས། 20 

མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་བོད་སྨན་ཁང་གི་ཐོག་མའི་རྨང་གཞི་ནི་སྤྱི་ལོ་༡༩༥༨ལོར་རོང་བོ་དགོན་པར་སྲིད་གཞུང་གིས་བླ་མ་གུང་ཞོ་ཞེས་བཙུགས་པའི་སློབ་གྲྭ་དེ་ཡིན་ལ། དེ་རུ་སྨན་པ་གྲགས་ཅན་དྲུང་ཡིག་རྒྱ་མཚོ་དང་། འོད་ཟེར། འཇིགས་མེད་བཅས་ཀྱིས་སྨན་པ་པུའུ་ཞེས་པའི་བོད་སྨན་གཞུང་ཁྲིད་དང་། ནད་ཐོག་ལག་ལེན། བོད་སྨན་སྡེབ་སྦྱོར་སོགས་ཀྱི་ལས་ཀ་གཉེར་བའི་ཚན་ཁག་ཅིག་ཐོག་མར་བསྒྲུབས་པ་དང་། ༡༩༧༦ལོར་ཚན་ཁག་དེ་ཐུན་རིན་རྫོང་རོང་བོ་འཕྲོད་བསྟེན་སོའོ་བོད་སྨན་བརྟག་བཅོས་ཁང་དུ་བསྒྱུར་ཏེ་དགུ་ཆུའི་ཤར་ཕྱོགས་འཇའ་མོ་རུ་གནས་སྤར། ༡༩༨༣ལོར་གོང་རིམ་པའི་རྒྱབ་སྐྱོར་འོག་གཞི་ནས་རྨ་ལྷོ་ཁུལ་ཐོག་ཏུ་གནས་སྤར་ཏེ་རྨ་ལྷོ་ཁུལ་བོད་སྨན་ཁང་ཞེས་བཏགས། དུས་དེར་མི་སྣ་དང་དཔལ་འབྱོར་གྱི་སྟོབས་ཤུགས་ཞན་པ་དང་སྒྲིག་གཞི་འཕྲུལ་ཆས་དབེན་ན་ཡང་དཔོན་འཁོར་ཡོངས་ཀྱི་སེམས་ཤུགས་གཅིག་ཏུ་བསྒྲིལ་ཏེ་སྨན་ཁང་གི་འཕེལ་རྒྱས་ལ་བརྩོན་ཤུགས་བསྐྱེད།

         སྤྱི་ལོ་༡༩༨༧ལོར་མཁན་ཆེན་ཁྲོ་རུ་ཚེ་རྣམ་སྨན་ཁང་འདིར་གདན་ཞུས་གནང་སྟེ་ཞིང་ཆེན་ཕྱི་ནང་ཀུན་ནས་སྨན་པ་བཞི་བཅུ་ལྷག་བསྡུས་ནས་དངུལ་ཆུ་བཙོ་བཀྲུ་སྦྱངས་གསུམ་དང་། རིན་པོ་ཆེའི་སྦྱོར་བ་མུ་ཏིག་བདུན་ཅུ་དང་གྲང་སྦྱོར། མང་སྦྱོར་ཆེན་མོ་སོགས་སྦྱོར་བ་ལྔ་བསྡེབས་ཏེ་མདོ་སྨད་ཕྱོགས་ཀྱི་དངུལ་ཆུ་བཙོ་བཀྲུའི་བསྟན་པའི་མེ་རོ་གནས་འདི་ནས་གསོས་ཏེ་ཕྱོགས་ཀུན་ཏུ་རྣམ་པར་རྒྱས་པ་མ་ཟད། རང་རྐྱ་ཐུབ་པའི་སྒོ་ནས་ཉམས་དམས་སུ་གྱུར་པའི་ལག་ལེན་སླར་གསོ་མཛད་ཐོག་ལག་ལེན་གྱི་རྒྱུན་བསྐྱངས་ཤིང་མ་ཉམས་གོང་འཕེལ་དུ་བཏང་བ་དང་། དེ་དང་ལྷན་དུ་སྐྱེན་བུལ་གྱི་ནད་རིགས་སྣ་ཚོགས་ངོས་འཛིན་དང་གསོ་བཅོས་ལ་སྔར་མེད་ཀྱི་ཕན་རླབས་རྒྱ་ཆེན་བྱུང་ནས་འགྲོ་བ་ནད་པ་རྣམས་མི་འཇིགས་སྲོག་གི་སྦྱིན་པ་འཛད་མེད་དུ་གནང་བའི་ཕན་བདེའི་འབྱུང་གནས་སུ་གྱུར།

དེ་ལྟར་དཀའ་སྡུག་ཀྱག་ཀྱོག་གི་ལམ་ཕྲན་མང་བོ་བརྒྱུད་མཐར་རང་སྨན་ཁང་ལ་གནམ་ས་བླ་འོག་བསྒྱུར་པ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་ཐོག་སྨན་ཁང་ཡོངས་ལ་ལས་བཟོ་བ་༥༦ཡོད་པ་དང་། དེའི་ནང་ཆེད་ལས་ལག་རྩལ་མི་སྣ་༤༧དང་། སྨན་པ་འབུམ་རམས་པའི་ཐོབ་ཐང་བཞེས་མཁན་༡དང་། སྨན་པ་འབུམ་རམས་གཞོན་པའི་ཐོབ་ཐང་བཞེས་མཁན༨།   སྨན་པ་རབ་འབྱམས་པའི་ཐོབ་ཐང་བཞེས་མཁན་༢༤ཡོད་པ་དང་། སྨན་ཁང་སྤྱིའི་རྒྱ་ཁྱོན་ལ་རྨི་གྲུ་བཞི་མ་༧༢༢༩དང་། བརྟན་འཇགས་རྒྱུ་ནོར་སྒོར་ཁྲི་ཚོ་༡༢༠༠ལྷག སྡོད་བཅོས་ཉལ་ཁྲི་༥༤དང་། ལོ་རེར་སྒོ་བསྟེན་ནད་པ་ཁྲི་བདུན་ལྷག་སྨན་བཅོས་ཐུབ་པའི་རིམ་གཉིས་ཀ་བའི་ཐོབ་ཐང་ཅན་གྱི་སྨན་ཁང་ཆེན་པོ་ཞིག་ཏུ་གྱུར། སྨན་སྦྱོར་༡༢༤ལ་རྒྱལ་ཁབ་ཀྱི་ཐོན་སྐྱེད་ཆོག་པའི་དཔང་ཡིག་གནང་ཡོད་ལ། དེའི་ནང་གཡུ་རྙིང་ཉེར་ལྔ་སོགས་སྨན་སྣ་འགའ་ལ་རྒྱལ་ཁབ་ཀྱི་ལས་རྩལ་བདག་དབང་གསར་གཏོད་ཨང་དང་པོའི་བྱ་དགའ་གནང་། ནད་ཐོག་ལག་ལེན་སྟེང་དུ་ནུབ་ལུགས་ལྟར་བརྟག་དཔྱོད་ཡོ་བྱད་Xའཕྲོ་འོད་དང་། ཚོན་མདོག་ཅན་གྱི་Bསྒྲ་བརྒལ། གློག་རྡུལ་ཕོ་ཤེལ་བརྟག་དཔྱད། རང་འགུལ་གྱི་རྫས་འགྱུར་བརྟག་དཔྱད་སོགས་བླུས་ཏེ་ནད་གཞི་ངོས་འཛིན་དང་གསོ་བཅོས་ཐད་བེད་སྤྱད་པས་སྤྱི་ཚོགས་སྟེང་ཁས་ལེན་དང་གདེང་འཇོག་ཆེན་པོ་ཐོབ། ༢༠༠༢ལོར་མཆིན་ཚད་ཚན་ཁག་དང་ཀླད་སྙིང་ཚན་ཁག འཇུ་བྱེད་ཚན་ཁག སྨན་བཟོ་ཚན་ཁག་སོགས་སྔ་ཕྱིར་བཙུགས་ཤིང་། གཞུང་ལུགས་ཞིབ་འཇུག་ཐད་དུ་མཆིན་ནད་བཅོས་པའི་བོད་སྨན་སྦྱོར་བཟོའི་ལག་ལེན་ལ་རྒྱལ་ཁབ་རིམ་པའི་ཚན་རྩལ་འཕེལ་རྒྱས་བྱ་དགའ་ཨང་གཉིས་པ་དང་། བོད་སྨན་གྱིས་ཡེ་ཀན(乙肝)བཅོས་པའི་ཕན་ནུས་ཞིབ་དཔྱོད་ལ་འཛམ་གླིང་སྲོལ་རྒྱུན་གསོ་རིག་དཔེ་ལེགས་གྲུབ་འབྲས་སོགས་བྱ་དགའ་མི་དམན་པ་བླངས།

         སྨན་ཁང་འདིས་ཐོག་མཐའ་ཀུན་ཏུ་བོད་ལུགས་གསོ་རིག་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་བྱ་གཞག་འགན་དུ་བཞེས་ཏེ་འགྲོ་བ་མིའི་རིགས་སྤྱི་དང་། དམིགས་སུ་རེབ་གོང་གསེར་མོ་ལྗོངས་ཀྱི་རོང་འབྲོག་ཀུན་གྱི་ནད་ཟུག་གི་གདུང་བ་སེལ་བའི་དོན་དམིགས་སུ་བཟུང་བས་འདས་ཟིན་པའི་ལོ་ཟླའི་ནང་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་ལ། ད་ལྟ་ཡང་ཁོང་ཚོས་མིག་རྒྱང་རིང་བོར་བསྐྱེད་དེ་མ་འོངས་པར་རང་ཅག་གསོ་རིག་འདི་འཛམ་གླིང་སྲོལ་རྒྱུན་གསོ་རིག་གི་སྐྱེད་མོས་ཚལ་དུ་ལོ་འདབ་རབ་ཏུ་རྒྱས་པའི་རིག་གནས་ཤིག་ཏུ་འགྱུར་ཕྱིར་འབད་འབུངས་བྱེད་བཞིན་མཆིས་སོ།།

X