//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ལས་ཁུངས། > ནད་ཐོག་ལས་རིགས། > མཚོ་སྔོན། > ནང་དོན།

གཅན་ཚ་རྫོང་བོད་ལུགས་སྨན་ཁང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བཀྲ་བྷ། དུས་ཚོད། 2015-08-14 17:50:30 ཀློག་གྲངས། 13 

   

   གཅན་ཚ་རྫོང་བོད་ལུགས་སྨན་ཁང་ནི་སྤྱི་ལོ་༡༩༩༠ལོར་བཙུགས་པ་དང། སྨན་ཁང་འདི་ནི་སྨན་བཅོས་དང་སློབ་གསོ། ཞིབ་འཇུག་དང་ཐོན་རྫས། རིག་གནས་རྒྱུན་འཛིན་དང་ནད་གཞི་སྔོན་འགོག་བཅས་གཞི་གཅིག་ལ་འཛོམས་པའི་སྣ་འདུས་ཅན་གྱི་རིམ་པ་གཉིས་པའི་ཀ་རིམ་ཅན་གྱི་བོད་ལུགས་སྨན་ཁང་ཞིག་ཡིན་ལ། སྨན་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་༡༢༠༠༠ལྷག་ཡོད་པ་དང་། ནད་ཁྲི་༡༢༥ཙམ་དང་། རྨང་གཞིའི་མ་དངུལ་ལ་དམངས་སྒོར་ཁྲི་༤༧༥༠.༨ཙམ་ཡོད། སྨན་ཁང་འདིར་སྤྱི་བསྡོམས་ལས་བཟོ་བ་མི་གྲངས་༩༢ཡོད་པ་དང་གསོ་རིག་ཆེད་ལས་སྐོར་གྱི་ལས་བཟོ་བ་༧༢ཡོད་ལ་སྤྱིའི་ལས་བཟོ་བའི་མི་གྲངས་ཀྱི་༧༨.༢༦%ཟིན། དེའི་ནང་ཞིང་ཆེན་རིམ་པའི་སྨན་པ་མིང་གྲགས་ཅན་གཅིག་དང་བཅས་པའི་སྨན་པ་འབུམ་རམས་གཞོན་པ་ལྔ་དང་། རབ་འབྱམས་པ་བཅུ་བཞི། དཀའ་ཅུ་བ་བཅུ་གཅིག་སོགས་སྨན་ཁང་འདིར་བོད་ཕྱི་ལུགས་གཉིས་ཀྱི་ཆེད་ལས་སྨན་པའི་དཔུང་སྡེ་ལེགས་པར་གྲུབ་ཡོད། མིག་སྔར་སྨན་ཁང་འདི་ལ་སྒོ་བསྟེན་ཐོག་ཁང་ཆེན་མོ་དང་། སྡོད་བཅོས་དང་སྨན་ལུམས་ཐོག་ཁང་ཆེན་མོ། སྨན་སྦྱོར་ལྟེ་གནས་བཅས་གསུམ་ལས་གྲུབ་ཡོད་ལ། མཆིན་མཁྲིས་ཚན་ཁག་དང་དཔྱད་བཅོས་ཚན་ཁག ཁམས་གསོ་དང་ནད་མེད་ཚེ་བསྲིང་ཁག སྨན་ལུམས་ཚན་ཁག་སོགས་ཚན་ཁག་མི་འདྲ་བ་༢༩ཙམ་ཡོད། དེའི་ནང་རྫས་དཔྱོད་ཁག་དང་Xའགྱེད་འཕྲོ་ཚན་ཁག་སོགས་སུ་སྔོན་ཐོན་གྱི་བརྟག་དཔྱད་ཡོ་བྱད་ཅུང་ཆ་ཚང་དུ་འཛོམས་ཡོད་ལ། སྨན་སྦྱོར་ཚན་ཁག་ཏུ་རིན་ཆེན་གྲང་སྦྱོར་དང་རིན་ཆེན་མང་སྦྱོར། མུ་ཏིག་བདུན་ཅུ་སོགས་རིན་པོ་ཆེའི་སྨན་སྦྱོར་དང་བཅས་པའི་སྨན་སྣ་༢༠༨སྦྱོར་བཟོ་བྱེད་ཀྱིན་ཡོད་པ་དང་སྨན་སྣ་༡༡༧ལ་ཞིང་ཆེན་རིམ་པའི་སྦྱོར་བཟོའི་ཆོག་ཆེན་ཐོབ་ཡོད་ལ། ལོ་རེར་སྨན་རྫས་སྤྱི་རྒྱ་༡༥༠༠༠ཙམ་ཐོན་སྐྱེད་བྱེད་གྱིན་ཡོད།

སྨན་ཁང་འདིས་བོད་ལུགས་གསོ་རིག་གི་ཁྱད་ཆོས་གཞིར་བཟུང་སྟེ་ནད་མེད་ཚེ་བསྲིང་ཁག་དང་སྨན་ལུམས་ཚན་ཁག དཔྱད་བཅོས་ཚན་ཁག་སོགས་བཙུགས་སྟེ་སྲོལ་རྒྱུན་གྱི་སྨན་བཅོས་ལག་རྩལ་སྣ་༡༩ཙམ་དར་སྤེལ་བྱས་ཡོད་ལ། བོད་ལུགས་སྨན་བཅོས་གཙོར་བཟུང་སྟེ་རྒྱུན་མཐོང་གི་ནད་རིགས་དང་འབྱུང་མང་བའི་ནད། ས་གནས་ཀྱི་ནད་རིགས། ལྷག་པར་མཆིན་མཁྲིས་ཀྱི་ནད་རིགས་དང་ཁྲག་རྩའི་ནད་རིགས། དྲེག་གྲུམ་རང་བཞིན་གྱི་ནད། ཕོ་རྒྱུའི་ནད་སོགས་ལ་གསོ་བཅོས་བྱས་པ་ལ་མངོན་གསལ་གྱི་ཕན་སྐྱེད་བྱུང་དང་འབྱུང་བཞིན་ཡོད་པས། རྒྱ་ཆེའི་ནད་པ་མང་ཚོགས་ཀྱི་དགའ་བསུ་གང་མང་འཐོབ་ཡོད།

 སྨན་ཁང་འདིས་ཟས་དང་སྤྱོད་ལམ་སྤང་བླང་གི་བདེ་ཐང་ཤེས་བྱ་ཁྱབ་བརྡལ་གཏོང་བ་དང་། ཁོང་སྨན་གྱི་སྦྱོར་བཟོ་ཐོན་སྐྱེད། བདུད་རྩི་ལྔ་ལུམས་དང་བྱུགས་བཅོས་སོགས་སྨན་བཅོས་ཀྱི་རྒྱུད་རིམ་ཧྲིལ་བོར་བོད་ལུགས་སྨན་ཁང་གི་ཁྱད་ཆོས་འབུར་དུ་དོད་དེ། མི་དམངས་མང་ཚོགས་ཀྱི་བདེ་ཐང་དང་འཚོ་བར་ཞབས་ཞུ་གང་ལེགས་བསྒྲུབ་ཀྱིན་ཡོད་ལ། མ་འོངས་བར་ངེད་སྨན་ཁང་གིས་སྔར་ལས་ཀྱང་བོད་ལུགས་སྨན་ཁང་གི་ཁྱད་ཆོས་ལྡན་པའི་གསོ་བཅོས་ཁྱད་པར་པ་རྣམས་གཙོར་བཟུང་ཐོག  ནད་མེད་ཚེ་བསྲིང་དང་ཁམས་གསོ་སོགས་ཀྱི་ཐད་ནས་དར་སྤེལ་བཏང་སྟེ། སྨན་བཅོས་ལག་རྩལ་ནུས་པ་སྔར་ལས་གོམས་གང་མདུན་སྤོས་སྒོས་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཇེ་བཟང་དུ་གཏོང་བའི་ཕྱོགས་ལ་ནུས་ཤུགས་གང་ཡོད་འདོན་རྒྱུ་ཡིན།

   ལོ་འདི་འགའི་རིང་ལ་ང་ཚོའི་སྨན་ཁང་གིས་ནད་པ་གཙོ་བོར་འཛིན་པ། སྤུས་ཚད་དང་པོར་འཇོག་པ། ཞབས་ཞུ་དང་པོར་འཇོག་པ་བཅས་ཀྱི་སྨན་བཅོས་བྱ་བའི་ལམ་ཕྱོགས་གཞིར་བཟུང་སྟེ། སྨན་བཅོས་ཀྱི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ། སྨན་བཅོས་ཀྱི་ཡོ་བྱད་འཛིགས་སྐྲུན་བྱེད་པ་བཅས་ཀྱི་ཐད་ལ་ཤུགས་གནོན་བྱས་ཏེ་མིག་སྔར་རྒན་གཞོན་གཉིས་ལྡན་གྱི་ཆེད་ལས་ཤེས་ཡོན་མི་སྣའི་དཔུང་སྡེ་ཞིག་གྲུབ་ཡོད་ལ། དོད་དྲག་དང་འགོས་ནད་ཀྱི་སྨན་བཅོས་ཆུ་ཚད་ཀྱང་ཚད་ངེས་ཅན་དུ་སླེབས་ཡོད་པ་བཅས་ལ་གཞིགས་ནས། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་མཚན་སྙན་གང་མང་འཐོབ་ཡོད་དེ། ༢༠༠༤ལོར་སྨན་ཁང་འདིའི་མཆིན་མཁྲིས་ཚན་ཁག་ཞིང་ཆེན་ཡོངས་ཀྱི་གལ་ཆེའི་ཆེད་ཚན་དུ་གདམས་པ་དང་། ༢༠༠༦ལོར་རྒྱལ་ཡོངས་ཞིང་འབྲོག་ས་ཁུལ་གྱི་གལ་ཆེའི་ཆེད་ཚན་དུ་གདམས། ༢༠༠༧ལོར་ཞིང་ཆེན་རིམ་པའི་མིང་གྲགས་ཅན་གྱི་ཚན་ཁག་ཏུ་གདམས་པ་དང་མཉམ་དུ་དོད་དྲག་ཚན་ཁག་ཡང་ནུབ་དབུས་ས་ཁུལ་གྱི་རྫོང་རིམ་པའི་དོད་དྲག་སྨན་བཅོས་འཛིགས་སྐྲུན་ཚན་ཁག་ཏུ་གདམས། གཞན་ད་དུང་སྔ་རྗེས་སུ་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་བྱ་བའི་སྔོན་ཐོན་ལས་ཁུངས་དང་། ཞིང་ཆེན་གྱི་དཔེ་མཚོན་བོད་ལུགས་སྨན་ཁང་། ཁུལ་དང་རྫོང་རིམ་པའི་དཔེ་ལེགས་ལས་ཁུངས། རྨ་ལྷོ་ཁུལ་བོད་ལུགས་གསོ་རིག་ཚན་ཁག་ཞིབ་འཇུག་ལྟེ་གནས་བཅས་ཀྱི་མཚན་སྙན་འཐོབ།

        སྨན་ཁང་འདིས་ཐོག་མཐའ་བར་གསུམ་དུ་སྨན་བཅོས་ཆུ་ཚད་འབུར་དུ་ཐོན་པ་དང་། བོད་ལུགས་ཁྱད་ཆོས་འབུར་དུ་ཐོན་པ། ཞབས་ཞུའི་རྣམ་འགྱུར་འབུར་དུ་ཐོན་པ་བཅས་ཀྱི་བྱ་བའི་ཐབས་ཕྱོགས་ལ་གཞིགས་ནས། བོད་ལུགས་གསོ་རིག་ཤེས་བྱ་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་སྐོར་ལ་བོད་ལུགས་སྨན་བཅོས་ཀྱི་ལག་རྩལ་མི་སྣ་སྐྱེད་བསྲིང་བྱ་རྒྱུ་གཙོ་བོར་བཟུང་ཡོད་པ་དང་། ལོ་རེ་བཞིན་སྨན་བཅོས་སྤུས་ཚད་ཇེ་མཐོ་རུ་བཏང་སྟེ། ཐབས་བརྒྱ་ཇུས་སྟོང་གིས་སྨན་བཅོས་ཆུ་ཚད་མཐོ་རུ་གཏོང་བ་དང་ནད་པ་ལ་སྟབས་བདེ་སྐྲུན་པ། ཕྱོགས་ཡོངས་ཀྱི་ཞབས་ཞུ་ཆུ་ཚད་ཇེ་མཐོར་གཏོང་བ་བཅས་ཀྱི་ཐད་ལ་འབད་པ་ལྷོད་མེད་ངང་རྒྱ་ཆེའི་ནད་པ་རྣམས་ཀྱི་འཚོ་བར་བདེ་ཐང་དང་སྟབས་བདེ་གང་ལེགས་བསྐྲུན་དང་སྐུན་བཞིན་ཡོད་པས། སྙན་པའི་བ་དན་ཕྱོགས་བཞིར་ཁྱབ་ཡོད་ལ། བོད་ལུགས་སྨན་ཁང་གི་རྣམ་པ་ཡག་པོ་མཚོན་པར་བྱས་ཡོད།


X