//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ལས་ཁུངས། > ནད་ཐོག་ལས་རིགས། > མཚོ་སྔོན། > ནང་དོན།

མཚོ་ལྷོ་ཁུལ་བོད་སྨན་ཁང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བཀྲ་བྷ། དུས་ཚོད། 2015-08-14 17:56:30 ཀློག་གྲངས། 10 

   

    མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བོད་ལུགས་སྨན་ཁང་ནི་སྤྱི་ལོ་༡༩༨༠ལོར་གསར་དུ་བཙུགས་པ་ཡིན་ལ། ལོ་ངོ་སུམ་ཅུ་རིང་གི་འཕེལ་རྒྱས་བརྒྱུད་དེ་ད་ལྟ་བོད་ལུགས་གསོ་བ་རིག་པའི་སྨན་བཅོས་དང་། སྔོན་འགོག སློབ་ཁྲིད། ཚན་ཞིབ་དང་སྨན་རྫས་བཟོ་སྐྲུན་བཅས་ཀྱི་ནུས་པ་འཛོམས་ཞིང་རིམ་གཉིས་ཀ་བའི་མཚན་སྙན་ལྡན་པའི་སྨན་ཁང་ཆེན་པོ་ཞིག་ཏུ་གྱུར་ཡོད།

    བོད་ལུགས་སྨན་ཁང་འདིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་༧༦༨༢ཡོད་པ་དང་། ཁང་སའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་༦༨༦.༦༣མཆིས། སྨན་ཁང་དུ་སྒོ་བསྟེན་ཁང་དང་། སྡོད་བཅོས་ཁང་། སྨན་ལུམས་ལྟེ་གནས། སྨན་རྫས་བཟོ་སྐྲུན་ལྟེ་གནས་སོགས་སྨན་བཅོས་རྨང་གཞིའི་འཛུགས་སྐྲུན་ཁ་ཚང་ལ། ནད་པའི་དགོས་མཁོ་ལ་དམིགས་ཏེ་སྒོ་བསྟེན་ཚན་ཁག་དང་། ཁོང་ནད་ཚན་ཁག  དཔྱད་བཅོས་ཚན་ཁག མོ་ནད་ཚན་ཁག སྨན་སྦྱོར་ཚན་ཁག་བཅས་དང་། ད་དུང་ཞིང་ཆེན་རིམ་པའི་གལ་ཆེ་ཚན་ཁག་ཏུ་བདམས་ཐོག་བྱུང་བའི་སྨན་ལུམས་ཆེད་གཉེར་ཚན་ཁག་དང་མཆིན་མཁྲིས་ཆེད་གཉེར་ཚན་ཁག་གཉིས་བཙུགས་འདུག་པ་སོགས་ནད་ཐོག་ཏུ་མཁོ་གལ་ཆེ་ཞིང་བོད་ལུགས་གསོ་རིག་གི་ཁྱད་ཆོས་ཀྱང་མོད་པའི་ཚན་ཁག་བཅུ་ཕྲག་ལྷག་དབྱེ་ཡོད། ད་ལྟ་སྨན་ཁང་དུ་སྨན་པ་དཀའ་བཅུ་བའི་ཐོབ་ཐང་བཞེས་མཁན་༡༦དང་། སྨན་པ་རབ་འབྱམས་པའི་ཐོབ་ཐང་བཞེས་མཁན་༡༨   སྨན་པ་འབུམ་རམས་པའི་ཐོབ་ཐང་བཞེས་མཁན་༡༢བཅས་ཁྱོན་གཏན་སྡོད་ལས་བྱེད་པ་༥༦འཛོམས། སྨན་ཁང་ལ་ནད་ཁྲི་གྲངས་༩༧ཡོད་ལ། ལོ་རེའི་སྒོ་བསྟེན་ནད་པའི་གྲངས་ཁྲི་དྲུག་ཡས་མས་དང་། སྡོད་བཅོས་ནད་པའི་གྲངས་ཆིག་སྟོང་ཡན་དང་། ནད་པར་བཅོས་བཟང་ཕན་སྐྱེད་ཐོན་ཚད་བརྒྱ་ཆའི་དགུ་བཅུ་ཡན་བརྒལ་ཡོད་ལ། ལོ་རེའི་ཡོང་འབོར་སྒོར་ཁྲི་ཚོ་དྲུག་བརྒྱ་ཡས་མས་ཡིན།

    སྨན་ཁང་གིས་བོད་ལུགས་གསོ་བ་རིག་པའི་ཁྱད་ཆོས་མི་འདོར་བའི་ཆེད་དུ་སྨན་ལུམས་དང་མཆིན་མཁྲིས་ཚན་ཁག་སོགས་ཞིང་ཆེན་རིམ་པའི་ཚན་ཁག་མིང་གྲགས་ཅན་དུ་མ་འཛུགས་སྐྲུན་བྱས་པ་མ་ཟད། གཏར་ག་དང་མེ་བཙའ། མེ་བུམ། བསྐུ་མཉེ་སོགས་ནད་ཐོག་ཏུ་སྤྱོད་སྒོ་ཆེ་ཞིང་ཕན་སྐྱེད་མྱུར་བའི་རང་རེའི་གསོ་ཐབས་ལེགས་ཤོས་དག་སྔོག་འདོན་དང་ཁྱབ་བརྡལ་བཏང་། སྨན་བཅོས་ཁྲོད་གཞོགས་འདེགས་བརྟག་དཔྱད་ནུས་པའི་ཧོ་ཨན་༥༠༠ཅན་གྱི་འོད་འཕྲུལ། Bབརྒལ་འཕྲུལ་ཆོས། སྙིང་རིས། ཕོ་ཤེལ་སོགས་ཀྱང་བླུས་ཏེ་ནད་གཞི་ངོས་འཛིན་ལ་འཁྲུལ་བ་མེད་པར་མཐུན་རྐྱེན་མི་དམན་གནངས། སྨན་སྦྱོར་ཚན་ཁག་གིས་ད་ལོའི་ཟླ་དྲུག་པའི་ནང་རིན་ཆེན་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་མུ་ཏིག་བདུན་ཅུ་བཟོ་མགོ་ཚུགས་ཏེ་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་དངོས་སུ་ལེགས་འགྲུབ་བྱུང་། མིག་སྔར་སྨན་སྦྱོར་ཚན་ཁག་གིས་བཟོ་སྐྲུན་བྱེད་བཞིན་པའི་སྨན་སྣ༢༤༠ཡོད་ལ། རིན་པོ་ཆེའི་རིགས་སྨན་སྣ་བཅོ་ལྔ་ཡོད།

    སྤྱི་ལོ་༢༠༡༠ལོའི་ཟླ་དང་པོའི་ཚེས་བཅུ་དགུ་ཉིན་སྨན་ཁང་གིས་ལས་བྱེད་མི་སྣ་བཅོ་བརྒྱད་རྩ་འཛུགས་སྒོས་གུང་ཧོ་རྫོང་གི་ཞིང་གྲོང་ཁུལ་དུ་སྨན་སྦྱིན་ལ་ཕེབས་ཏེ་ལྷག་པར་དབུལ་སྐྱོར་ཁྱིམ་ཚང་དང་། རྒན་པ་ད་ཕྲུག་བཅས་མི་གྲངས་༦༣༨༤ལ་རིན་མེད་གསོ་བཅོས་བྱས་ཏེ་སྨན་སྣ་༢༦༠ཡོད་པའི་སྨན་རིན་ཁྲི་༡༥༠ཡིས་སྨན་སྦྱིན་གནངས། ད་དུང་ཡུལ་ཤུལ་ལ་ས་འགུལ་བྱུང་དུས་སུ་སྒོར་ཁྲི་ཚོ་བཞི་ཡིས་རོགས་སྐྱོར་ཕུལ་བ་དང་ཡུལ་ཤུལ་ཁུལ་བོད་ལུགས་སྨན་ཁང་དུ་སྒོར་ཁྲི་ཚོ་གཅིག་གིས་རོགས་སྐྱོར་བྱས། སྨན་ཁང་འདིས་ཁུལ་ཡོངས་ཀྱི་བོད་ལུགས་གསོ་བ་རིག་པའི་སྨན་བཅོས་ནུས་པ་གོང་དུ་སྤེལ་ཆེད་གཞི་རིམ་དུ་ཡོད་པའི་འཕྲོད་བསྟེན་ཁང་མང་བོར་མཉམ་འབྲེལ་བྱས་ཏེ་ཚད་ལྡན་མི་སྣ་ཆེད་དུ་ཕར་མངགས་པ་དང་ཡང་ན་གཞི་རིམ་དུ་ཡོད་པའི་སྨན་པ་ཚུར་གདན་དྲངས་ཏེ་ཚད་ལྡན་མི་སྣར་གསོ་སྐྱོང་ཐུབ་པའི་བྱ་གཞག་གལ་ཆེན་སོགས་སྒྲུབ་བཞིན་ཡོད། མཚོ་ལྷོ་ཁུལ་བོད་ལུགས་སྨན་ཁང་གིས་བགྲང་བྱ་བཅུ་ཕྲག་ཁ་ཤས་རིང་ལ་མཚོ་ལྷོ་ས་ཁུལ་གྱི་མི་དམངས་ཐམས་ཅད་བདེ་ཐང་ཡོང་བར་འབད་བརྩོན་ལྷོད་མེད་བྱས་པས་སྤྱི་ཚོགས་དང་རྒྱལ་ཁབ་ཀྱིས་ཀྱང་དང་དུ་བླངས་ཤིང་འབྲས་བུར་ཁག་ཐེག་མཛད་དེ་སྔ་རྗེས་སུ་མཚན་རྟགས་གང་མང་གནངས་ཡོད་དེ། སྤྱི་ལོ་༡༩༩༠ལོར་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་སྔོན་ཐོན་ལས་ཁུངས་སུ་བདམས་པ་དང་། སྤྱི་ལོ་༡༩༩༤ལོར་རྒྱལ་ཡོངས་དཔེ་སྟོན་བོད་ལུགས་སྨན་ཁང་གི་མཚན་སྙན་ཐོབ། སྤྱི་ལོ་༡༩༩༨ལོར་ཞིང་ཆེན་ཡོངས་ཀྱི་ཆུ་འགོག་འཇིགས་སྐྱོབ་སྔོན་ཐོན་ཚན་ཁག་ཏུ་བདམས། སྤྱི་ལོ་༢༠༠༠ལོར་རྒྱལ་ཡོངས་རིམ་གཉིས་ཀ་བའི་སྨན་ཁང་གི་ཚད་གཞི་ལོངས་པའི་བདེན་དཔང་ཡི་གེ་ཐོབ། སྤྱི་ལོ་༢༠༡༠ལོར་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བྱ་གཞག་སྔོན་ཐོན་ཚན་ཁག་ཏུ་བདམས་ཐོན་བྱུང་།

         མཚོ་ལྷོ་ཁུལ་བོད་ལུགས་སྨན་ཁང་གི་ལས་བྱེད་མི་སྣ་ཡོངས་ཀྱིས་མིག་རྒྱང་རིང་དུ་ཕྱོགས་ཏེ་སྨན་བཅོས་ཆུ་ཚད་སྔར་ལས་ལྷག་པར་གོང་འཕེལ་དང་སྨན་གྱི་སྦྱོར་བ་ཚད་དང་ལྡན་ཞིང་སྨན་སྣ་ཆ་ཚང་བ་དང་། སྨན་གྱི་སྤུས་ཀ་བཟང་ཞིང་རིན་གོང་བདེ་བ་སོགས་ཀྱི་ཁྱད་ཆོས་ལྡན་པའི་བོད་ལུགས་སྨན་ཁང་ཞིག་ཏུ་འཛུགས་སྐྲུན་བྱས་ཏེ། ས་གནས་འདི་གའི་མི་རིགས་ཀུན་དང་ལྷག་པར་བོད་རིགས་སྤུན་ཟླ་ཡོངས་ཀྱི་བདེ་ཐང་ལ་ཞབས་ཞུ་ནུས་པའི་བདེ་འཇགས་སྨན་ཁང་ཞིག་ཏུ་འགྱུར་བར་ང་ཚོ་ལས་བཟོ་བ་ཡོངས་ལ་ཡིད་ཆེས་ཡོད་དོ།།

X