//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ལས་ཁུངས། > ནད་ཐོག་ལས་རིགས། > མཚོ་སྔོན། > ནང་དོན།

མཚོ་ནུབ་ཁུལ་བོད་སོག་གསོ་རིག་སྨན་ཁང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བཀྲ་བྷ། དུས་ཚོད། 2015-08-14 18:02:52 ཀློག་གྲངས། 14 

     

      མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་བོད་སོག་གསོ་རིག་སྨན་ཁང་ནི་སྤྱི་ལོ་༡༩༧༨ལོར་གསར་དུ་བཙུགས་པ་ཡིན་ལ། ལས་ཁུངས་འདི་ནི་མཚོ་སྔོན་ཞིང་ཆེན་དུ་གོང་རིམ་པས་འཛུགས་སྐྲུན་བགྱིས་པའི་མི་རིགས་གསོ་རིག་སྨན་ཁང་སྔ་གྲས་སུ་གཏོགས་ཤིང་། མཚོ་ནུབ་ཁུལ་གྱི་བོད་ལུགས་དང་སོག་ལུགས་གསོ་རིག་བརྒྱུད་འཛིན་དང་། སྔོག་འདོན། ཞིབ་འཇུག་བཅས་ཀྱི་བྱ་གཞག་ཡོངས་འགན་འཁུར་ཞིང་། མཚོ་ནུབ་ས་ཁུལ་གྱི་ནད་གཞི་གསོ་བཅོས་དང་། ནད་མེད་བདེ་ཐང་ལ་ཁག་ཐེག་ནུས་པའི་རྒྱལ་ཡོངས་རིམ་གཉིས་ཀ་བའི་ཐོབ་ཐང་ལྡན་པ། ཁྱད་པར་དུ་བོད་སོག་གསོ་བ་རིག་པའི་སྨན་བཅོས་དང་། སྨན་བཟོ། དཔེ་ཁྲིད། ཚན་ཞིབ་བཅས་ཀྱི་ཁྱད་ཆོས་མོད་པའི་སྨན་ཁང་ཆེན་པོ་ཞིག་ཡིན།

     སྨན་ཁང་གི་སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་ཁྲི་༡.༩ཡོད་ལ། འཛུགས་སྐྲུན་རྒྱ་ཁྱོན་རྨིད་གྲུ་བཞི་མ་༦༣༥༠ཡོད། སྨན་ཁང་ཡོངས་ལ་ལས་བཟོ་མི་སྣ་༥༡ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱིས་ལས་བཟོ་མི་སྣ་ཡོངས་ལས་༩༦%ཟིན་པ་དང་། བོད་སོག་གསོ་རིག་ཆེད་ལས་སྨན་པས་སྨན་པ་ཡོངས་ཀྱི་༧༥%ཟིན་པ་དང་། བོད་སོག་སྨན་རྫས་ཆེད་ལས་ཀྱིས་༦༧%ཟིན་ཡོད།

     སྒོ་བསྟེན་ཁང་དུ་བོད་སོག་གསོ་རིག་གི་ཁྱད་ཆོས་ལྡན་པའི་ཁོང་ནད་སྒོ་བསྟེན་དང་། མོ་ནད་སྒོ་བསྟེན། བྱིས་ནད་སྒོ་བསྟེན། བོད་སོག་ནུབ་གསུམ་གྱི་ཐུན་མོང་སྒོ་བསྟེན་སོགས་དབྱེ་ཡོད་ལ། ཞག་སྡོད་ཐོག་ཁང་དུ་སྨན་ལུམས་ཚན་ཁག མཆིན་མཁྲིས་ཚན་ཁག རུས་ནད་ཚན་ཁག སོག་ལུགས་ཀྱི་བཅོས་ཐབས་ལྔ་བའི་ཚན་ཁག་སོགས་མཆིས་ལ། ལྷག་ཏུ་སོག་ལུགས་ཀྱི་བཅོས་ཐབས་ལྔ་བའི་ཚན་ཁག་ནི་ཞིང་ཆེན་འཕྲོད་བསྟེན་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་མིང་གྲགས་ཚན་ཁག་ཏུ་བདམས་པ་དང་། རུས་ནད་ཚན་ཁག་ལ་གཞི་རིམ་གྱི་ཞིང་ཆེན་རིམ་པའི་ཆེད་ཚན་དུ་བདམས་ཐོན་བྱུང་། སྨན་ཁང་གིས་ནད་གཞི་ངོས་འཛིན་དང་བཅོས་སྐྱེད་ལ་སྔར་ལས་ལྷག་པའི་ཞབས་འདེགས་ནུས་ཆེད་ནུབ་ལུགས་ཀྱི་བརྟག་དཔྱད་འཕྲུལ་ཆས་གློག་རྡུལ་ཕོ་ཤེལ། ཚོན་ཁྲའི་Bབརྒལ་བརྟག་ཆས། ༥༠༠mAཅན་གྱི་Xའཕྲོ་འོད་བརྟག་ཆས་སོགས་ནང་འདྲེན་བྱས་ཏེ་ནད་ཐོག་ཏུ་ཕན་བསྐྱེད་བཟང་བོ་བསྐྲུན་པ་དང་། ད་ལྟ་སྨན་ཁང་ཡོངས་སུ་ནད་ཁྲི་༦༠འཛོམས་ཡོད། སྨན་ཁང་གི་སྡེབ་སྦྱོར་ལྟེ་གནས་ཀྱིས་རྒྱལ་ཁབ་ཀྱི་GPPཚད་གཞིར་ལོངས་པའི་ཕྱེ་མ་དང་། རིལ་བུའི་རིགས་ཀྱི་སྨན་སྣ་༣༠༠ལྷག་བཟོ་སྐྲུན་བྱེད་བཞིན་པ་དང་། མུ་ཏིག་བདུན་ཅུ། རིན་ཆེན་མང་སྦྱོར། བཙོ་བཀྲུ་ཟླ་ཤེལ། གཡུ་རྙིང་ཉེར་ལྔ་སོགས་རིན་ཆེན་རིགས་ཀྱི་སྨན་སྦྱོར་བཅུ་ལྷག་ལ་ནད་ཐོག་ཕན་བསྐྱེད་ཆེ་ཞིང་། སྤུས་བཟང་རིན་གོང་བདེ་བའི་དགེ་མཚན་གྱིས་མི་རིགས་མང་བོའི་ཁྲོད་དུ་སྙན་པའི་གྲགས་པ་ཤིན་ཏུ་ཆེ།

     ཉེ་བའི་ལོ་འགའི་རིང་དུ་སྨན་ཁང་གིས་མི་དངུལ་ཟོག་གསུམ་བཏང་ནས་བོད་སོག་གནའ་དཔེ་དེབ་གཉིས་འགྲེམ་སྤེལ་དང་། ཁུལ་རིམ་པའི་ལག་གཞི་གསུམ་དང་། གསར་བ་གསུམ་གྱི་ལས་གཞི༢༥སྒྲུབ་ཚར་བ་དང་། ཟངས་ཏེལ་དང་དངུལ་ཏེལ་བཅོས་ཐབས། སོག་ལུགས་ཀླད་འཁྱོམས་འཇགས་ཐབས་གཉིས་ལ་ཞིང་ཆེན་རིམ་པའི་དངོས་པོ་མ་ཡིན་པའི་རིག་གནས་སྲུང་སྐྱོབ་གྲས་སུ་ཚུད་ཡོད།

     སྨན་ཁང་བཙུགས་ནས་ལོ་སུམ་ཅུའི་རིང་དུ་སྲོལ་རྒྱུན་གསོ་བ་རིག་པའི་ཁྱད་ཆོས་འབུར་དུ་ཐོན་པ་དང་། དེང་རབས་ཚན་རིག་ལག་རྩལ་དང་ཟུང་དུ་འབྲེལ་ཏེ་ཕན་སྐྱེད་མྱུར་ཞིང་། ཞོར་སྐྱོན་ཆུང་བ། ཁྱབ་བརྡལ་གཏོང་སླ་བའི་སྲོལ་རྒྱུན་གསོ་བ་རིག་པའི་བཅོས་ཐབས་གཏར་ག་དང་། སྐམ་ཁབ། སྨན་ལུམས། མེ་བུམ། མེ་བཙའ། དབྱུག་བཅོས། བསྐུ་མཉེ། དངུལ་ཏེལ་དང་ཟངས་ཏེལ། རྟ་ཞོའི་བཅོས་ཐབས་སོགས་སྨན་བཅོས་ཆོ་ག་ཉི་ཤུ་ལྷག་ནད་ཐོག་ཏུ་བཀོལ་སྤྱོད་བྱེད་བཞིན་པ་དང་། རུས་ནད་ཚན་ཁག་གི་སོག་ལུགས་རུས་ཆག་སྒྲིག་ཐབས་དང་། ཀླད་འཁྱོམས་འཇགས་ཐབས་གཉིས་ནི་ས་གནས་འདི་གའི་མང་ཚོགས་ཁྲོད་དུ་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད།

     གོང་བཞིན་སྲོལ་རྒྱུན་གསོ་བ་རིག་པའི་བྱ་གཞག་ཀུན་ལ་རིས་མེད་ཀྱི་འབད་པའི་མཐར་བསྐྱངས་པ་དང་། ནད་གསོ་སྨན་བཅོས་གོང་དུ་བཀུར་བའི་བསམ་བློ་བཟང་བོའི་འོག་ཏུ་སྔ་གཞུག་ཏུ་རྒྱལ་ཁབ་རིམ་པའི་རྒྱལ་ཡོངས་སྲོལ་རྒྱུན་གསོ་རིག་རིག་གནས་འཛུགས་སྐྲུན་སྔོན་ཐོན་ལས་ཁུངས་དང་། ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བྱ་གཞག་སྔོན་ཐོན་སྡེ་ཁག ཞིང་ཆེན་ཡོངས་ཀྱི་བོད་སོག་གསོ་རིག་ཁྱད་ཆོས་འཛུགས་སྐྲུན་སྔོན་ཐོན་ལས་ཁུངས་སོགས་ཀྱི་ཆོ་ལོ་བཅུ་ལྷག་ཐོབ་ཡོད་པ་དང་། རྒྱལ་ཁབ་ཀྲུང་ལུགས་དོ་དམ་ཅུའུ་དང་མཚོ་སྔོན་ཞིང་ཆེན་ཀྲུང་བོད་གསོ་རིག་དོ་དམ་ཅུའུ་གཉིས་ཀྱིས་ང་ཚོ་སྨན་ཁང་རྒྱལ་ཡོངས་སྨན་ཁང་རིག་གནས་འཛུགས་སྐྲུན་ཚོད་ལྟ་ལས་ཁུངས་གྲས་སུ་བདམས་ཐོན་བྱུང་།

མིག་སྔར་མི་དམངས་ཀྱི་ནད་གསོ་བདེ་སྲུང་གི་ཆུ་ཚད་གོང་དུ་འཕར་བ་དང་རང་བྱུང་སྨན་རྫས་ཀྱི་སྨན་ནུས་ལ་དད་པའི་ཚ་རླབས་དྲག་ཏུ་འཕྱུར་བའི་སྒང་འདིར། བོད་སོག་གསོ་རིག་ལ་མོས་པའི་མིའང་མང་ནས་མང་དུ་འགྲོ་བཞིན་ཡོད་ཁར། ང་ཚོས་བསམ་བློའི་བཀག་རྒྱ་ཡོད་ཚད་གཏོར་ནས་ནུབ་ཕྱོགས་འཛུགས་སྐྲུན་བྱེད་པའི་དཔྱིད་ཀྱི་དཔལ་མོ་དང་མཉམ་དུ་མཚོ་ནུབ་འཕེལ་རྒྱས་གཏོང་བའི་ལམ་ཆེན་ལ་ཞུགས་ནས། རྒྱལ་ཁབ་ཀྱིས་མི་རིགས་གསོ་རིག་ལ་རོགས་སྐྱོར་དང་སྐུལ་སྤེལ་གཏོང་བ་དང་། རྒྱལ་ཁབ་སྨན་རྫས་འཕྲོད་བསྟེན་ཀྱི་སྲིད་ཇུས་བཟང་བོ་ཤར་བའི་འོག་ཏུ་སོག་བོད་གསོ་རིག་གི་ཐོན་ཁུངས་ཆེན་པོ་བླ་ལྷག་ཏུ་བཀོལ་སྤྱོད་བྱས་ཏེ། སྨན་ཁང་འཕེལ་རྒྱས་དང་། རིགས་སོ་སོའི་མི་དམངས་ཀུན་གྱི་ལུས་ཕུང་བདེ་ཐང་དང་མི་རིགས་འདུས་སྡོད་ས་ཁུལ་གྱི་སྤྱི་ཚོགས་གོང་འཕེལ་དང་དཔལ་འབྱོར་འཕེལ་རྒྱས་ཐད་ལ་རང་ནུས་ཅི་ལྕོགས་ཀྱིས་སྲི་ཞུ་སྒྲུབ་པའི་དམ་བཅའ་སྔར་ནས་ཡོད་དོ།།

X