//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ལས་ཁུངས། > ནད་ཐོག་ལས་རིགས། > མཚོ་སྔོན། > ནང་དོན།

ཡུལ་ཤུལ་ཁུལ་བོད་ལུགས་སྨན་རྩིས་ཁང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བཀྲ་བྷ། དུས་ཚོད། 2015-08-14 18:17:59 ཀློག་གྲངས། 13 

   

   ཡུལ་ཤུལ་ཁུལ་བོད་ལུགས་སྨན་རྩིས་ཁང་ནི་སྤྱི་ལོ་༡༩༨༣ལོ་གསར་དུ་བཙུགས། དང་ཐོག་སྒོ་བསྟེན་སྨན་ཁང་སྨི་གྲུ་བཞི་མ་ལྔ་བརྒྱ་མ་ཟིན་ཙམ་ཞིག་དང་སྨན་ཁང་དབུ་འཛིན་རྒན་གཞོན་དང་རྩིས་གཉེར་ཕུད་པའི་ལས་བཟོ་བ་གཞན་མེད་པ་ལ་ལོ་དེའི་ལོ་མཇུག་ཏུ་ན་གཞོན་བློ་རིག་གསལ་ཞིང་བོད་སྨན་གྱི་རྨང་གཞི་ལེགས་པ་བཅུ་གཉིས་སྨན་བཟོ་བ་རུ་གསར་བསྡུས་བྱས། ༡༩༨༤ལོར་དམངས་སྒོར་འབུམ་ལྔ་བཏང་སྟེ་ལྷ་ས་སྨན་རྩིས་ཁང་ནས་ལ་སྨན་གཙོ་བོར་བྱས་པའི་སྨན་རྒྱུ་དང་རྒྱུན་མཁོའི་སྨན་ཅུང་ཆ་ཚང་བ་ཉོས། སྨན་ཁང་རང་ནས་ནུས་ཤུགས་ཆེར་བསྐྱེད་ཀྱིས་སྔོ་སྨན་གང་མཁོ་འཐུ་སྒྲུབ་ཚད་ལྡན་བྱས་པས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ནད་འགོག་སྨན་བཅོས་རེ་བ་ཧ་ལམ་སྐོང་ཐུབ་པ་བྱུང་།

   སྤྱི་ལོ་༡༩༨༥ལོ་ནས་བཟུང་ཞིང་ཆེན་འཕྲོད་བསྟེན་ཐིན་གྱིས་བཀོད་བསྒྲིག་ལྟར་དེའུ་དམར་པཎ་ཆེན་གྱི་གསུང་འབུམ་འཚོལ་བསྡུ་ཚན་ཆུང་སྒྲིག་འཛུགས་ཀྱིས་ལོ་བཞིའི་རིང་བོད་ལྗོངས་དང་། སི་ཁྲོན། མཚོ་སྔོན་བཅས་འབྲོག་ཕྱོགས་རྩྭ་ཐང་དང་། དགོན་ཁག གྲོང་སྡེ་མང་པོར་སོང་སྟེ་ཐོར་བུར་ལུས་པའི་མ་ཡིག་བྲིས་མ་མཐོང་ཚད་བསྡུ་ལེན་དང་། བསྐྱར་བཤུ། དེབ་ཏུ་འགོད་པ་བཅས་བྱས། མཐར་སྤྱི་ལོ་༡༩༩༢ལོར་གསོ་རིག་གཅེས་བཏུས་རིན་ཆེན་ཕྲེང་བ་ཞེས་པ་མཚན་དུ་གསོལ་ཏེ་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་བསྟར།

    སྤྱི་ལོ་༡༩༨༧ལོར་སྨན་རྩིས་མཁས་དབང་རོང་མོ་དངོས་གྲུབ་རྒྱ་མཚོ་གདན་འདྲེན་གྱིས་སྨན་ཁང་རང་གི་སྨན་པ་ན་གཞོན་རྣམས་དང་། ཁུལ་མི་རིགས་སློབ་འབྲིང་གི་བོད་ཡིག་དགེ་རྒན་རྣམས་ལ་བཤད་རྒྱུན་ཆད་ལ་ཉེ་བའི་དགེ་རྒྱ་ཨ་དཀོན་གྱིས་མཛད་པའི་རྩིས་གཞུང་དྲི་མེད་འོད་སྣང་གི་སྟེང་ནས་སྐར་རྩིས་སྔོན་འགྲོ་ནས་བཟུང་ཉི་ཟླ་གཟའ་འཛིན་བར་ཆ་ཚང་བ་ཁྲིད། གོང་རིམ་ནས་ཡུལ་ཤུལ་ཁུལ་བོད་སྨན་ཁང་ཞེས་པ་དེ་ཡུལ་ཤུལ་ཁུལ་བོད་ལུགས་སྨན་རྩིས་ཁང་ཞེས་པར་མིང་བསྒྱུར་བྱས། བསྟུད་མར་ལོ་ལྔར་བྱེད་གྲུབ་དགོངས་དྲིལ་གྱི་ལོ་ཐོ་རྒྱས་པ་རྩིས་ཏེ་བོད་སྨན་ཁང་སོ་སོར་བཀྲམ། ༧དེའུ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་ནས་སྨན་རྩིས་ཀླུ་རྒྱལ་ནོར་བུའི་གླིང་ཞེས་པའི་མཚན་གྱི་ཅོད་པཎ་བསྩལ་ཏེ་གཟེངས་སུ་བསྟད།

    སྤྱི་ལོ༡༩༨༩ལོར༧ཁྲོ་རུ་མཁན་ཆེན་ཚེ་རིང་རྣམ་རྒྱལ་ཆེད་དུ་གདན་དྲངས་ཏེ། དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་རིན་ཆེན་གྲང་སྦྱོར་རིལ་ནག་ཆེན་མོ། ཟུར་མཁར་ཐུགས་བཅུད་རཏྣ་བསམ་འཕེལ་སོགས་རིན་ཆེན་རིགས་སྨན་སྦྱོར་གྱི་མཐོང་བ་རྒྱུད་པའི་ཕྱག་ལེན་ཐ་དག་དང་སྨན་བླ་ལོངས་སྤྱོད་རྫོགས་སྐུའི་དབང་། དངུལ་ཆུ་བཙོ་བཀྲུ་དང་རིན་ཆེན་སྨན་སྦྱོར་ཁག་གི་ཟིན་བྲིས་ཀྱི་ལུང་། རྩ་བཤད་ཕྱི་གསུམ་གྱི་ཁྲིད་བཅས་ཁུལ་ཡོངས་ཀྱི་ཚེ་རིག་འཛིན་པ་རྣམས་ཀྱི་གསོས་སུ་བསྩལ། ལས་དོན་དེ་བྱ་བ་རླབས་པོ་ཆེ་རུ་མཐོང་ནས་སྐབས་དེའི་སྨན་ཁང་དབུ་འཛིན་བུ་ཨི་རྡིས་ལ་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཞེས་པའི་མཚན་སྙན་གྱིས་གཟེངས་སུ་བསྟད། དེ་ནས་བཟུང་ད་བར་སྨན་ཁང་དབུ་འཛིན་ན་རིམ་གྱིས་སྣེ་ཁྲིད་དེ་དངུལ་ཆུ་བཙོ་བཀྲུ་ཆེན་མོ་ཚད་ལྡན་ཐེངས་བཞི་དང་རིན་ཆེན་སྨན་སྦྱོར་ཁག་བསྡུ་སྦྱོར་གྲངས་མང་བྱས། སྨན་སྦྱོར་སྤྱི་དང་ཁྱད་པར་རིན་ཆེན་རིགས་ཀྱི་སྤུས་ཚད་དང་ཕན་ནུས་ལེགས་པའི་ཚད་དུ་གྲགས།

    སྤྱི་ལོ་༢༠༠༡ལོར་ཡུལ་ཤུལ་ཁུལ་བོད་ཀྱི་གསོ་རིག་སྨན་རྫས་ཞིབ་འཇུག་ཁང་ཞེས་རྫོང་རིམ་པའི་གོ་མིང་ཅན་གྱི་ལས་ཁུངས་སྒོ་བྱང་གསར་འཛུགས་བྱས་པ་དང་སྔོན་གྱི་སྨན་རྩིས་ཁང་གཉིས་ལས་ཁུངས་སྦྲགས་མ་ཡིན་པར་ཐག་བཅད། སྤྱི་ལོ་༢༠༠༧ལོར་རིམ་པ་གཉིས་པའི་སྨན་ཁང་ཀ་པའི་ཚད་ལྡན་ཅན་དུ་གོང་རིམ་གྱིས་རྩིས་བླངས།

    སྤྱི་ལོ་༢༠༠༩ལོར་སྨན་སྦྱོར་སྣ་གྲངས་༡༦༥བཟོ་ཆོག་པའི་ཆོག་མཆན་ཨང་གྲངས་ཐོབ། ཁུལ་ཕྱོགས་བསྡུས་སློབ་གྲྭའི་བོད་སྨན་སློབ་ཁྲིད་ཀྱི་འགན་འཁུར། བོད་ལྗོངས་བྲག་གཡབ་ཀྱི་སྨན་པ་འབུམ་རམས་པ་བཀྲ་རྒྱལ་གདན་ཞུས་བྱས་ཏེ་གཏར་བསྲེག་གཉིས་ཀྱི་ཕྱག་ལེན་ཁུལ་ཡོངས་ཀྱི་སྨན་པ་བརྒྱ་ཕྲག་ལྷག་ལ་ཞིབ་རྒྱས་སུ་ཁྲིད། སྤྱི་ལོ་༢༠༡༠ལོའི་ཡུལ་ཤུལ་ས་ཡོམ་གོད་ཆག་སྐབས་སུ་སྨན་ཁང་འདིའི་སྨན་དོན་མི་སྣ་དང་ལས་བཟོ་བ་རྣམས་ཀྱི་ཕུལ་དུ་བྱུང་བའི་ལག་རྩལ་དང་འབུར་དུ་ཐོན་པའི་བྱས་རྗེས་ལ་གོང་རིམ་དང་དམངས་ཚོགས་ཀྱིས་བསྔགས་བརྗོད་ཐོབ་སྟེ་ལོ་དེར་བསྐྱར་གསོ་བྱ་རྒྱུ་ཨང་དང་པོའི་ཁོངས་སུ་བཞག

    ད་ལྟ་སྨན་ཁང་ཡོངས་ཀྱི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི་གཅིག་དང་སྟོང་གསུམ་ལྷག་དང་། ཞིབ་འཇུག་ལྟེ་གནས་ལ་རྨང་གཞི་ཞིབ་འཇུག་ཚན་ཁག ནད་ཐོག་ཞིབ་འཇུག་ཚན་ཁག   དཔེ་རྙིང་འཚོལ་སྡུད་ཚན་ཁག་བཅས་ཡོད་ལ། སྨན་བཅོས་ལྟེ་གནས་ལ་ཉལ་ཁྲིའི་གྲངས་བརྒྱ་དང་ལྔ་བཅུ། དེའི་ཁོངས་སུ་ཁོང་ནད་ཚན་པ། མཆིན་མཁྲིས་ཚན་པ། སྙིང་དང་ཀླད་རྩའི་ཚན་པ། ཕྱི་བཅོས་སམ་དཔྱད་བཅོས་ཚན་པ། མོ་ནད་ཚན་པ། ལུམས་བཅོས་ཚན་པ་བཅས་དང་། གཞོགས་འདེགས་བརྟག་དཔྱད་ལྟེ་གནས་ལ་CTབརྟག་ཁང་། འདས་སྒྲའི་བརྟག་འཕྲུལ་ཁང་། ཚོན་ལྡན་འདས་སྒྲའི་བརྟག་འཕྲུལ་ཁང་། Xགློག་འོད་བརྟག་ཁང་། རྫས་འགྱུར་བརྟག་ཁང་སོགས་དང་། སྨན་རྫས་སྦྱོར་བཟོ་ལྟེ་གནས་ལ་འདུལ་སྦྱོང་ཚན་པ། བསྡུ་སྦྱོར་ཚན་པ། ཕྱེ་མ་ཁང་། རིལ་བུ་ཁང་། ལྡེ་གུ་ཁང་། སྨན་ཐུམ་ཁང་བཅས་ཁྱོན་ཚན་ཁག་ཆེ་བ་བཞི་ལ་ཆུང་བ་ཉི་ཤུ་དང་། གཏན་འཇགས་མ་རྩ་དམངས་སྒོར་དུང་ཕྱུར་གཅིག་ཡན་དང་། ལས་བཟོ་བ་མི་གྲངས་བརྒྱ་ལྷག་ལ་ལས་གནས་བརྒྱ་དང་སོ་ལྔར་འཕར་སྣོན་བྱུང་ཞིང་དེའི་ནང་ད་ཡོད་འབུམ་རམས་སྨན་པ་གཞོན་པ་ཁོ་ན་བཅོ་བརྒྱད་དང་རབ་འབྱམས་པ་ཡན་གྱི་ཐོབ་ཐང་ལྡན་པའི་སྨན་པས་བརྒྱ་ཆ་བདུན་ཅུ་ལྷག་ཟིན་ཡོད།

    མདོར་ན་སྨན་བཅོས་འཕྲོད་བསྟེན་དང་། ཚན་རིག་ཞིབ་འཇུག  གསོ་རིག་སློབ་གསོ། བོད་སྨན་སྦྱོར་བཟོ་སོགས་གང་ཅིར་འཐུས་ཚང་ལ་སྤུས་དག་པར་འཕེལ་རྒྱས་བྱུང་ནས་འགྲོ་བ་ནད་པའི་དོན་བྱེད་བཞིན་མདོ་ཁམས་འབྲི་ཟླ་ཟལ་མོ་སྒང་གི་སའི་ཆ་བོད་ཀྱི་མདོ་ཆེན་གསུམ་དུ་གྲགས་པའི་ཡ་གྱལ་སྒ་སྐྱེ་རྒུ་མདོ་རུ་ཇི་སྲིད་སྐལ་བ་མ་སྟོང་དེ་སྲིད་དུ་གནས་པ་ལ་ཕྱོགས་དུས་ཀུན་ཏུ་བཀྲ་ཤིས་ཤིང་བདེ་ལེགས་ཕུན་སུམ་ཚོགས་པར་གྱུར་ཅིག།

X