//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ལས་ཁུངས། > ནད་ཐོག་ལས་རིགས། > ལྷ་ས། > ནང་དོན།

བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བཀྲ་བྷ། དུས་ཚོད། 2015-08-14 18:33:12 ཀློག་གྲངས། 108 

 དེ་ཡང་བོད་ཀྱི་རིག་གནས་ཀྱི་ལྟེ་གནས་དང་། སྐྱེ་འགྲོའི་སྲོག་གི་དཔུང་གཉེན། ཕན་བདེ་ཉི་ཟླ་ལྟ་བུའི་སྨན་རྩིས་ཁང་ཞེས་ཀུན་གྱི་བསྔགས་གཞིར་གྱུར་པ་འདི་ནི་བོད་རབ་བྱུང་བཅོ་ལྔ་བའི་ནང་ཚན་མེ་འབྲུག་སྤྱི་ལོ་༡༩༡༦ལོར་དངོས་སུ་བཙུགས་ནས་ད་ལྟའི་བར་ལོ་ངོ་ཧྲིལ་བོ་དགུ་བཅུ་ལྷག་འགོར་བ་དང་། དེའི་རིང་མིའི་རིགས་ཀྱི་ལུས་ཁམས་བདེ་སྲུང་དང་ནད་རིགས་གསོ་བཅོས། རྒྱུན་འཛིན་འཕེལ་རྒྱས་བཅས་ལ་ནུས་པ་བསམ་གྱིས་མི་ཁྱབ་པ་ཞིག་ཐོན་ཡོད་པར་མ་ཟད། ད་ལྟའི་བར་ནད་ཐོག་སྨན་བཅོས་དང་བོད་སྨན་སློབ་གསོ། ཚན་རྩལ་ཞིབ་འཇུག   སྨན་རྫས་ཐོན་སྐྱེད་བཅས་གཞི་ཡོངས་སུ་ཚང་ཞིང་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་སྨན་ཁང་རྒྱ་ཆེན་པོ་ཞིག་སྟེ་འཛམ་གླིང་ན་འཛུགས་སྐྲུན་གྱི་ལོ་རྒྱུས་ཆེས་སྔ་ཤོས་དང་། ཤེས་གྲགས་གཉིས་འཛོམས་ཀྱི་བོད་ལུགས་སྨན་པ་དང་ལག་རྩལ་མི་སྣ་ཤིན་ཏུ་མང་པོ་བཞུགས་ཡོད་པའི་བོད་ལུགས་གསོ་རིག་གི་ཤེས་ལྡན་སློབ་གླིང་ཞིག་ཏུ་གྱུར་ཡོད། དེར་སྔ་རྗེས་སུ་མཁས་དབང་མཁྱེན་རབ་ནོར་བུ་དང་། བྱམས་པ་འཕྲིན་ལས། ཚུལ་ཁྲིམས་རྒྱལ་མཚན། ཁྲོ་རུ་ཚེ་རྣམ། ཀརྨ་ཆོས་འཕེལ་སོགས་སྨན་རྩིས་ཀྱི་མཁས་དབང་མང་བོ་རིམ་པར་བྱོན་ཏེ་གཞུང་ལུགས་ལག་ལེན་སོགས་གང་ཅིར་དཔྱད་ཞིབ་དང་བརྡར་ཤ་བཅད་དེ་བོད་ཤེས་རིག་སྤྱིའི་རིན་ཐང་འདོན་སྤེལ་དང་། ལྷག་དོན་ཁོང་རྣམ་པའི་མིག་རྒྱང་ཡངས་པའི་དགོངས་བཞེས་དང་། ཐབས་ཇུས་ལ་བརྟེན་ནས་བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན་བཅས་བོད་ཀྱི་ས་ཁུལ་དང་། ནང་ལོགས། གཞན་ཕྱིའི་རྒྱལ་ཁབ་ཁག་ནས་ཕེབས་པའི་མོས་འདུན་ཅན་གྱི་སློབ་མ་མང་བོར་སྨན་རྩིས་རིག་པ་གཙོས་རིག་གནས་དག་གི་སློབ་ཁྲིད་དང་ཉམས་མྱོང་བརྒྱུད་སྤེལ། རིགས་ལམ་དང་གསང་ཚིག་མཛུབ་སྟོན། ཡ་རབས་ཀུན་སྤྱོད་དང་གཞན་ཕན་སྙིང་རྗེའི་སློབ་གསོས་ཡོངས་སུ་བསྐྱངས་ཤིང་། དེའི་སྐུ་དྲིན་ལས་ད་ལྟ་མདོ་དབུས་ཁམས་གསུམ་དང་ཕྱོགས་སོ་སོ་ནས་བོད་ཀྱི་གསོ་རིག་རྒྱུད་འཛིན་དང་། འཕེལ་རྒྱས། ཞིབ་འཇུག་བཅས་ལ་སྒུལ་ཤུགས་ཀྱི་ནུས་པ་འདོན་བཞིན་པའི་ཤེས་ལྡན་མི་སྣ་ཤིན་ཏུ་མང་བོ་ཞིག་ལ་སྐྱེས་སྟོབས་རིག་པའི་དཔལ་རྒྱས་ཏེ་འཚར་ལོངས་བྱུང་དང་འབྱུང་བཞིན་པ་ནི་ཆེས་དགའ་འོས་པའི་གྲུབ་འབྲས་སུ་མཐོང་ཐུབ་བོ།།

         དེ་ལྟར་ལོ་ངོ་བཅུ་ཕྲག་གི་འཕེལ་རྒྱས་ཁྲོད་ད་ལྟ་སྨན་ཁང་ཡོངས་ལ་ལས་བཟོ་མི་སྣ་༥༠༠ལྷག་དང་། དེའི་ཁྲོད་ཆེད་ལས་ལག་རྩལ་མི་སྣ་༤༣༦མཐོ་རིམ་ལག་རྩལ་མི་སྣ་༣༡དང་། རྒྱལ་ཁབ་རིམ་པའི་མཁས་དབང་གཅིག་དང་ཞིབ་འཇུག་སློབ་མའི་མཛུབ་ཁྲིད་དགེ་རྒན་བདུན། འབྲིང་རིམ་ལག་རྩལ་མི་སྣ་༩༩བཅས་ཡོད་པ་དང་། སྨན་ཁང་ཡོངས་སུ་འགན་ནུས་ཚན་པ༩།    ནད་ཐོག་ཚན་པ༡༡།    སྨན་བཅོས་ལག་རྩལ་ཚན་པ༥།   ཆེད་ལས་བརྟག་བཅོས་ཚན་པ་༡༥དང་། ལྷག་པར་དུ་བོད་ལུགས་གསོ་རིག་གི་ཁྱད་ཆོས་གཞིར་བཟུང་ནས་མཆིན་ནད། འཇུ་བྱེད། སྙིང་ཀླད་ཁྲག་རྩ། ཁོང་ནད། རུས་ནད། ཕྱི་བཅོས། བུད་མེད། དོས་དྲག    མིག་ནད། དབང་ལྔ། གཞང་འབྲུམ་ལ་སོགས་པའི་དམིགས་བསལ་གྱི་ཆེད་ལས་སྡེ་ཁག་མང་བོ་བཙུགས་ཡོད་པར་མ་ཟད། སྨན་ཁང་ཡོངས་སུ་ནད་པའི་མལ་ཁྲིའི་གྲངས་ཚད་༢༦༠ཙམ་ཟིན་པ་དང་། སྒྲིག་ཆས་ཐད་གློག་པར། Bསྒྲ་རླབས། ཕོ་ཤེལ་བརྟག་དཔྱད། སྙིང་པར། CTབརྟག་ཆས། རྒྱུན་མཁོའི་རྫས་འགྱུར་དཔྱད་ཆས་ལ་སོགས་པའི་ནད་གཞི་བརྟག་དཔྱད་དང་གསོ་བཅོས་ལ་མཁོ་བའི་སྔོན་ཐོན་ཅན་གྱི་དེང་རབས་ཞོར་གཏོགས་འཕྲུལ་ཆས་དང་། དེ་བཞིན་གཤགས་བཅོས་དང་སྦྲིད་སྨན། དུག་སེལ་ལ་སོགས་པའི་འཕྲུལ་ཆོས་སྣ་ཚོགས་ཀྱང་ཡོད་ལ། དེ་མིན་ད་དུང་གློག་ཀླད་དྲ་བ་དང་འཆར་འཕྲིན་ཁང་ཡང་བཙུགས་ཡོད། ལོ་རེའི་སྒོ་བསྟེན་དང་དོས་དྲག་པའི་ནད་པའི་མི་གྲངས་ཁྲི་༢༤ཙམ་དང་། ནད་ཁང་བརྟག་བཅོས་ཀྱི་ནད་པའི་གྲངས་ཁྲི༣ཙམ་ཟིན་ཡོད། ༢༠༠༥ལོར་བོད་ལུགས་གསོ་རིག་སྨན་རྫས་ཞིབ་འཇུག་སོའོ་དང་གནམ་རིག་སྐར་རྩིས་ཞིབ་འཇུག་སོའོ་གཉིས་གཞི་སྒྲིལ་གྱིས་བོད་རང་སྐྱོང་ལྗོངས་བོད་ལུགས་གསོ་རིག་ཞིབ་འཇུག་གླིང་དངོས་སུ་བཙུགས་ཏེ་སྔ་རྗེས་སུ་རྒྱལ་ཁབ་དང་ལྗོངས་རིམ་པའི་ཚན་རྩལ་རྣམ་གྲངས་༦༠ཙམ་ལེགས་གྲུབ་བྱུང་བ་མ་ཟད། དེ་ལས་རྣམ་གྲངས་༢༦ལ་རྒྱལ་ཁབ་དང་ལྗོངས་རིམ་པའི་ཚན་རྩལ་བྱ་དགའ་ཡང་ཐོབ་ཡོད། ལས་བཟོ་བ་ཡོངས་ཀྱི་བྱང་ཚད་དང་འབད་བརྩོན་ལ་བརྟེན་ནས་༡༩༩༦ལོར་རྒྱལ་ཁབ་ཀྲུང་ལུགས་དོ་དམ་ཅུས་ནས་རྒྱལ་ཡོངས་དཔེ་མཚོན་བོད་ལུགས་སྨན་ཁང་ཞེས་པའི་མཚན་བྱང་དང་། ༡༩༩༩ལོར་རྒྱལ་ཁབ་མི་དོན་པུའུ། འཕྲོད་བསྟེན་པུའུ། རྒྱལ་ཁབ་ཀྲུང་ལུགས་དོ་དམ་ཅུས་བཅས་ནས་རྒྱལ་ཡོངས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་སྔོན་ཐོན་སྡེ་ཁག་དང་། ༢༠༠༠ལོར་རང་སྐྱོང་ལྗོངས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་སྔོན་ཐོན་ཚན་པ། ༢༠༠༡ལོར་མང་ཚོགས་ཀྱི་བློ་ཡིད་ཚིམ་པའི་སྨན་ཁང་དང་། ༢༠༠༥ལོར་རྒྱལ་ཡོངས་རིམ་གསུམ་ཀ་བའི་བོད་ལུགས་སྨན་ཁང་སོགས་སུ་བདམས་ཐོན་བྱུང་ཡོད། མདོར་ན་གོང་གསལ་གྱི་ལོ་རྒྱུས་འཕེལ་རིམ་ལ་བལྟས་ཚེ་བོད་གསོ་རིག་སྤྱིའི་འཕེལ་རྒྱས་དང་རིན་ཐང་། མདུན་ལྗོངས་གསལ་བོར་མཐོང་ཐུབ་པ་མ་ཟད། གཞུང་ལུགས་དང་ནད་ཐོག    ཞིབ་འཇུག་དང་སློབ་གསོ་བཅས་ཕྱོགས་སོ་སོར་སྣེ་ཁྲིད་ཀྱི་ནུས་པའང་རྒྱ་ཆེན་པོ་ཞིག་ཐོན་དང་འདོན་བཞིན་ཡོད་པའང་ཤེས་ཐུབ་བོ།།

གོང་ངོས། ཡིག་ཆ་མི་འདུག
X