//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ལས་ཁུངས། > ནད་ཐོག་ལས་རིགས། > ལྷ་ས། > ནང་དོན།

བོད་ལྷོ་ཁུལ་སྨན་རྩིས་འགྲོ་ཕན་གླིང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བཀྲ་བྷ། དུས་ཚོད། 2015-08-14 18:50:39 ཀློག་གྲངས། 16 

   

    བོད་ལྷོ་ཁུལ་སྨན་རྩིས་འགྲོ་ཕན་གླིང་ནི་སྤྱི་ལོ་༡༩༦༥ལོར་བོད་ལྗོངས་ལྷོ་ཁ་ས་ཁུལ་གྱི་མི་དམངས་སྨན་ཁང་དུ་བོད་སྨན་ཚན་ཁག་བཙུགས་པའི་རྨང་གཞིའི་འོག་ཡར་རྒྱས་གོང་འཕེལ་དུ་སོང་སྟེ་ད་ལྟ་བོད་ལུགས་གསོ་རིག་རང་རྐྱ་འཕེར་བའི་སྒོ་བསྟེན་ཐོག་ཁང་དང་། སྡོད་བཅོས་ཐོག་ཁང་། བོད་ཀྱི་གསོ་རིག་ཞིབ་འཇུག་སོའོ། སྨན་སྦྱོར་ཁང་། ཡུམ་བུ་བརླ་མཁར་བོད་སྨན་བཟོ་གྲྭ་བཅས་གཞི་ཁྱོན་རྨི་གྲུ་བཞི་མ་ཁྲི་གཅིག་དང་སྟོང་ཕྲག་དྲུག་བརྒལ་ཟིན་པའི་སྨན་ཁང་སྟོབས་ལྡན་ཞིག་ཏུ་གྱུར་ཡོད།

    ལྷོ་ཁུལ་སྨན་རྩིས་ཁང་གི་སྒྲིག་གཞིའི་ནང་ཁོངས་སུ་ལས་མི་༡༣༢དང་། གདན་ཞུ་དང་ཕྱི་ཕྱོགས་ལས་སྒྲུབ་མི་སྣ་བཅས་ཁྱོན་ལས་བཟོ་མི་གྲངས་༢༠༧ཙམ་ཡོད། དེའི་ཁྲོད་སྨན་པ་འབུམ་རམས་པ་དང་རབ་འབྱམས་སྨན་པའི་མི་གྲངས་ལྔ་བཅུར་ཟིན་ཞིང་། ལྷག་པར་དུ་བོད་ལྗོངས་བོད་སྨན་སློབ་ཆེན་གྱི་རབ་འབྱམས་དང་འབུམ་རམས་སློབ་མའི་སློབ་དཔོན་གྱི་ཐོབ་ཐང་ཡོད་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་བཞེས་མཁན་རྒན་འཇམ་དབྱངས་ལྷུན་གྲུབ་དང་སྐལ་བཟང་ཕུན་ཚོགས་གཉིས་བཞུགས་ཡོད། ད་ལྟ་སྨན་རྩིས་ཁང་གི་སྒོ་བསྟེན་དུ་བོད་ལུགས་གསོ་རིག་གི་ལྗོངས་རིམ་པའི་སྙིང་ཀླད་ཁྲག་རྩ་ཚན་ཁག་དང་། རྒྱལ་ཁབ་རིམ་པའི་དཔྱད་བཅོས་ཚན་ཁག   གཞན་ཁོང་ནད་ཚན་ཁག   ཕྱི་ནད་ཚན་ཁག    མོ་ནད་ཚན་ཁག    བོད་ཕྱི་ཟུང་འབྲེལ་གྱི་བདེ་སྲུང་ཁང་། སྨན་རྫས་ཡོ་བྱད་སྡེ་ཁག    ཁ་ཚར་ཁང་། དམིགས་བསལ་གྱི་ཚན་ཁག་སོགས་ཕྱེས་ཡོད། སྡོད་བཅོས་ཁང་དུ་ནད་ཁྲི་བརྒྱ་ཐམ་པ་ཡོད་ལ་ནད་ཁྲི་བེད་སྤྱོད་ཚད་༩༠%ཡན་ཟིན་ཡོད། ༢༠༠༨ལོར་སྒོ་བསྟེན་ནད་པའི་གྲངས་ཁྲི་དྲུག་དང་སུམ་བརྒྱ་ལྷག་དང་། བཅོས་ཐོན་པའི་ནད་པའི་གྲངས་ཆིག་སྟོང་དྲུག་བརྒྱ་ཙམ་དང་། གཏར་བསྲེག་དུགས་ལུམས་བྱུག་པ་དང་། བཤལ་དང་འཕུར་བཅོས་བཙའ་ཁབ་སོགས་བྱས་པའི་སྒོ་བསྟེན་ནད་པའི་གྲངས་ཁྲི་གཅིག་དང་ཉིས་སྟོང་ཙམ་ཟིན་ཞིང་། སྨན་བཅོས་ཀྱི་ཡོངས་འབབ་ཁྲི་ཚོ་ཆིག་སྟོང་ལྔ་བརྒྱ་ལྷག་ཟིན་ཡོད། གཞན་ད་དུང་སྨན་ཁང་འདིར་སྤྱི་ལོ་༢༠༠༥ལོར་ནང་འདྲེན་བྱས་པའི་གློག་རྡུལ་གསུས་ཤེལ་ལ་བརྟེན་ནས་མཁྲིས་པའི་རྡོ་སྐྲན་ལེན་པའི་རྨ་ཆུང་གཤག་བཅོས་ཀྱི་ལག་རྩལ་བོད་ནང་ཁུལ་དུ་མདུན་གྲས་སུ་སླེབས་ཤིང་ལོ་རེར་ནད་པ་བརྒྱ་ཕྲག་ཙམ་ལ་གཤག་བཅོས་བྱེད་བཞིག་པ་དང་། སྐོར་འཁོར་CTརང་འགུལ་ཅན་གྱི་སྐྱེ་རྫས་འཕྲུལ་འཁོར། མཚོན་ཅན་སྒྲ་རླབས། གློག་རྡལ་ཕོ་ཤེལ་སོགས་རམ་འདེགས་བརྟག་ཆས་ཀྱང་མང་བོ་ཡོད་པས་སྨན་བཅོས་ཀྱི་སྤུས་ཚད་གོང་མཐོར་གཏོང་རྒྱུར་ནུས་པ་རླབས་ཆེན་ཐོན་བཞིན་ཡོད། བོད་ཀྱི་གསོ་རིག་ཞིབ་འཇུག་སོའོ་དེ་ནི་སྤྱི་ལོ་༢༠༠༥ལོར་བཙུགས་ཤིང་། གཙོ་བོ་ནད་ཐོག་ཞིབ་འཇུག་དང་། ཆེད་ནད་ཆེད་ཚན་འཛུགས་སྐྲུན། ཡང་ཀླུང་གསོ་རིག་དུས་དེབ་རྩོམ་སྒྲིག   དེ་བཞིན་ས་ཁུལ་བོད་སྨན་ཐོན་ཁུངས་སྔོག་འདོན་སོགས་ཀྱི་ཞིབ་འཇུག་གི་བྱ་བ་དོན་གཉེར་བྱེད་བཞིན་ཡོད།

    སྨན་ཁང་འདིར་སྔ་ཕྱིར་རྒྱལ་ཡོངས་ཀྱི་དཔེ་ལྡན་སྨན་ཁང་དང་། རང་ལྗོངས་ཀྱི་བོད་སྨན་ཁོངས་གཏོགས་ཀྱི་རིམ་པ་གཉིས་པའི་སྨན་ཁང་དང་པོ། བོད་ལུགས་གསོ་རིག་སློབ་གླིང་གི་སློབ་ཁྲིད་སྨན་ཁང་། རང་ལྗོངས་ཀྱི་སྨན་བཅོས་གཏན་སྩོལ་གྱི་སྨན་ཁང་བཅས་ཀྱི་ཆོ་ལོ་བསྩལ་ཏེ་ལྷོ་ཁ་ས་ཁུལ་གྱི་མི་དམངས་ལུས་ཕུང་བདེ་ཐང་ཐད་ལ་བཞག་པའི་གྲུབ་འབྲས་ལ་གོང་རིམ་པ་དང་སྤྱི་ཚོགས་སྟེང་ནས་གདེངས་འཇོག་ཚད་མེད་བྱས། མདོར་ན་ལྷོ་ཁ་ས་ཁུལ་གྱི་སྨན་རྩིས་འགྲོ་ཕན་གླིང་འདི་ནི་གོང་འགྲོ་ཁྲིད་ཀྱི་ཡང་དག་པའི་སྣེ་ཁྲིད་དང་སྲིད་གཞུང་གི་གྱ་ནོམ་པའི་རོགས་རམ། རྒྱ་ཆེའི་ལས་བཟོ་རྣམས་ཀྱི་འབད་འཐབ་ལ་བརྟེན་ནས་དུས་ཐུང་ནང་བོད་ལྷོ་ཁུལ་གྱི་སྐྱེ་འགྲོ་ནད་པའི་བདེ་ཐང་སྲུང་སྐྱོབ་དང་། ནད་རིམས་སྔོན་འགོག   བོད་སྨན་ཐོན་སྐྱེད། གསོ་རིག་སློབ་གསོ། བོད་སྨན་ཞིབ་འཇུག་སོགས་ཕྱོགས་གང་ཅིའི་བྱ་བ་འཐུས་ཚང་ངང་མུ་མཐུད་ཡར་རྒྱས་གོང་འཕེལ་འགྲོ་བཞིན་ཡོད་ལ། བོད་ཀྱི་རིག་གནས་ཤུལ་འཛིན་དང་འཕེལ་རྒྱས་ཀྱི་ཁྲོད་དུ་རང་རང་སོ་སོར་ཐུན་མོང་མ་ཡིན་པའི་གཉེར་སྐྱོང་གི་མདུན་ལམ་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡོད་པར་ཡིད་ཆེས་དང་སྤོབས་པས་ཁེངས་ཡོད།

X