//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > གསར་འགྱུར། > ནང་དོན།

བོད་ཕྱི་གསོ་རིག་ཟུང་འབྲེལ་ཆེད་ལས་ཨུ་ཡོན་ཚོགས་པ་གསར་འཛུགས་དང་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས་པ།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2015-12-10 11:55:00 ཀློག་གྲངས། 26 

སྤྱི་ལོ2015ལོའི་ཟླ11པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་ཚན་རྩལ་མཐུན་ཚོགས་དང་། མཚོ་སྔོན་ཞིང་ཆེན་ཀྲུང་བོད་གསོ་རིག་དོ་དམ་ཅུའུ།མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་བཅས་ཀྱི་རྒྱབ་སྐྱོར་འོག “མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་བོད་ཕྱི་གསོ་རིག་ཟུང་འབྲེལ་ཆེད་ལས་ཨུ་ཡོན་ཚོགས་པ”གསར་འཛུགས་དང་། བོད་ཕྱི་གསོ་རིག་ཟུང་འབྲེལ་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་དེ་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དུ་གཟབ་རྒྱས་ངང་འཚོགས། འདི་ནི་རང་རྒྱལ་ཀྱི་བོད་ཕྱི་གསོ་རིག་ཟུང་འབྲེལ་ཆེད་ལས་ཀྱི་ཨུ་ཡོན་ཚོགས་པ་ཐོག་མ་ཡིན་ལ།ཉིན་དེར་ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་སོ་སོ་ནས་ཕེབས་པའི་འཐུས་མི་དང་གསར་འགོད་པ་བཅས་ཚོགས་ཞུགས་མི་སྣ་བརྒྱ་ལྷག་འདུས།

ཚོགས་འདུ་ལ་མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་ཀླུ་བྱམས་རྒྱལ་ལགས་ཀྱིས་འགོ་འཛིན་མཛད་པ་དང་།  སློབ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་དབང་ཆེན་ཚེ་བརྟན་ལགས་ཀྱིས་ཤིས་ཚིག་ཕུལ། ཁོས་བོད་ཀྱི་གསོ་རིག་དང་དེང་རབས་གསོ་རིག་གཉིས་ལ་ཚེ་སྲོག་དང་ནད་རིགས་ཀྱི་ཤེས་རྟོགས་ཐད་སོ་སོའི་ལེགས་ཆ་ལྡན་མོད།འོན་ཀྱང་མི་འདང་སའང་ཧ་ཅང་མངོན་གསལ་ཡིན་པས།ང་ཚོས་ཚན་རིག་དང་མཐུན་ཞིང་། དགེ་མཚན་ལྡན་པའི་ཐབས་ལམ་སྤྱད་དེ་ཕྱོགས་སོ་སོ་ནས་ཞིབ་འཇུག་དང་བགྲོ་གླེང་བྱས་པ་བརྒྱུད་དགེ་ལེན་སྐྱོན་སེལ་དང་ཕན་ཚུན་མིག་དཔེར་འཛིན་པ།བོད་ཕྱི་གསོ་རིག་ཟུང་འབྲེལ་ལ་བརྟེན་ནས་བོད་ཀྱི་གསོ་རིག་འཐུས་ཚང་དུ་གཏོང་རྒྱུ་ནི་ང་ཚོས་བོད་ཕྱི་གསོ་རིག་ཟུང་འབྲེལ་ཆེད་ལས་ཨུ་ཡོན་ཚོགས་པ་བཙུགས་པའི་ཐོག་མའི་རེ་བསམ་དང་མཐའ་མཇུག་གི་དམིགས་འདུན་ཡང་ཡིནཅེས་བོད་ཕྱི་གསོ་རིག་ཟུང་འབྲེལ་ཆེད་ལས་ཨུ་ཡོན་ཚོགས་པ་བཙུགས་པའི་དགོས་མཁོ་དང་གལ་ཆེན་རང་བཞིན་སོགས་ནན་གྱིས་བསྟན།

དྲུང་ཡིག་ཆེན་མོ་དབང་ཆེན་ཚེ་བརྟན་ལགས་ཀྱིས་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་ཚབ་བྱས་ཏེ་བོད་ཕྱི་གསོ་རིག་ཟུང་འབྲེལ་ཆེད་ལས་ཨུ་ཡོན་ཚོགས་པ་གསར་འཛུགས་བྱེད་པར་མོས་མཐུན་བྱུང་བའི་ཞུས་ལན་ཁྱབ་བསྒྲགས་བྱས་ཤིང་།  མཚོ་སྔོན་ཞིང་ཆེན་ཚན་རྩལ་སློབ་ཚོགས་ཀྱི་རིག་གཞུང་པུའུ་ཡི་པུའུ་ཀྲང་ཡི་ཉུན་ཆིན་ལགས་ཀྱིས་བོད་ཕྱི་གསོ་རིག་ཟུང་འབྲེལ་ཆེད་ལས་ཨུ་ཡོན་ཚོགས་པ་བཙུགས་པར་རྟེན་འབྲེལ་ཤིས་ཚིག་ཕུལ་བ་མ་ཟད་སློབ་ཚོགས་ཀྱི་འཕེལ་རྒྱས་དང་རྒྱ་བསྐྱེད་ལ་གདེང་འཇོག་ཚད་མཐོན་པོ་མཛད།  ཁོས་སློབ་ཚོགས་ནི་ལས་རིགས་སྣ་ཚོགས་ཀྱིས་རིག་གཞུང་སྤེལ་རེས་དང་ཚོགས་མིའི་དགོངས་འཆར་ཡར་ཞུ་བྱེད་སའི་སྟེགས་བུ་གལ་ཆེན་ཞིག་ཡིན་པས་ལས་འགན་དང་འགན་འཁྲི་ལྕི་མོ་ཕྲག་ཏུ་བབས་ཡོད་ཟེར། ཚོགས་ཐོག་ཏུ་ཚོགས་གཙོ་འོ་ཚང་ཚོགས་ཆེན་ལགས་ཀྱིས་གཏམ་བཤད་གལ་ཆེན་གནང་།  ཁོས་བསྟན་དོན་“ཀྲུང་གོའི་ཆེས་ཐོག་མའི་བོད་ཕྱི་གསོ་རིག་ཟུང་འབྲེལ་ཆེད་ལས་ཨུ་ཡོན་ཚོགས་པ་བཙུགས་པར་དོན་སྙིང་ཆེན་པོ་ལྡན། སྲོལ་རྒྱུན་གསོ་རིག་དང་དེང་རབས་གསོ་རིག་གི་མཉམ་འདྲེས་དང་རིག་ལམ་བརྗེ་རེས་ནི་མིག་སྔར་མི་རིགས་སོ་སོའི་གསོ་རིག་འཕེལ་རྒྱས་དང་གསར་གཏོད་ཀྱི་ཁ་ཕྱོགས་ཡིན་ལ། བོད་ལུགས་གསོ་རིག་ནི་དེང་རབས་འཛམ་གླིང་གསོ་རིག་གི་འཕེལ་རྒྱུན་དང་མིའི་རིགས་ཀྱིས་འཚོལ་སྙེག་བྱེད་པའི་བདེ་ཐང་ལྟ་ཚུལ་དང་ཡོངས་སུ་མཐུན་པས་བོད་ཕྱི་གསོ་རིག་ཟུང་འབྲེལ་ཆེད་ལས་ཨུ་ཡོན་ཚོགས་པས་མ་འོངས་པའི་བོད་ལུགས་གསོ་རིག་གི་འཕེལ་རྒྱས་དང་གསར་གཏོད་ཐད་ཀྱི་འོས་འགན་གལ་ཆེན་འཁུར་ཡོད།”ཅེས་གསུངས།

དེ་ནས་མུ་མཐུད་དུ་བོད་ཕྱི་གསོ་རིག་ཟུང་འབྲེལ་གྱི་བགྲོ་གླེང་མགོ་བརྩམས་ནས་རྒན་ཆེན་མོ་ཀྲང་ཅན་ཆིན་གྱིས“དེང་རབས་གསོ་རིག་གི་འཕེལ་རྒྱས་ལ་དམིགས་ཏེ-བོད་ཕྱི་གསོ་རིག་ཟུང་འབྲེལ”ཞེས་པ་བརྗོད་བྱར་བཟུང་ནས་དེང་རབས་གསོ་རིག་གི་འཕེལ་རྒྱས་དང་།བོད་ལུགས་གསོ་རིག་གི་དགེ་མཚན།བོད་ཕྱི་གསོ་རིག་ཟུང་འབྲེལ་བྱེད་པའི་དགོས་ངེས་རང་བཞིན་ཐད་གྱི་སྙན་ཞུ་ཕུལ་བ་དང་།རྒན་ཆེན་མོ་དཀོན་མཆོག་རྒྱལ་མཚན་ལགས་ཀྱིས་བོད་ཀྱི་གསོ་བ་རིག་པའི་ཁྲོད་དུ་དེང་རབས་ཀྱི་ཞིབ་འཇུག་ཐབས་ལམ་འདྲེན་དགོས་པའི་གལ་ཆེན་རང་བཞིན་སོགས་ཞིབ་འཇུག་ཐད་ཀྱི་བལྟ་ཚུལ་དང་རིག་ལམ་གསར་བ་འགའ་བཏོན།དེའི་རྗེས་རྒན་ཆེན་མོ་སྟག་ལྷ་རྒྱལ་དང་ཀྲུའུ་རིན་འབྲུག་རྒྱལ་དཔལ་སོགས་སྨན་དོན་མི་སྣ་དག་གིས་ཀྱང་ཕན་ཚུན་གྱི་བསམ་བློ་བརྗེ་རེས་དང་བགྲོད་གླེང་གང་མང་བྱས།

དེ་ལྟར་ངོ་མཚར་ཞིང་བརྗེད་དཀའ་བའི་གོ་རིམ་ཁྲོད་ཚོགས་འདུའི་བྱ་གཞག་ཐམས་ཅད་ཡོངས་སུ་འགྲུབ་ལ།  མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་མཱ་ཞའོ་ཡོན་ལགས་ཀྱིས་ཚོགས་འདུར་སྤྱི་བསྡོམས་ཀྱི་གཏམ་བཤད་གནང་། ཁོས་བཤད་རྒྱུར་སྐབས་དང་པོའི་ཨུ་ཡོན་ཚོགས་པས་གོང་རིམ་སྡེ་ཁག་གི་ཡང་དག་པའི་འགོ་ཁྲིད་དང་ཨུ་ཡོན་ཚོགས་པ་སོ་སོའི་འབད་བརྩོན་འོག་ཆེད་ལས་ཨུ་ཡོན་ཚོགས་པའི་དགེ་མཚན་དང་ཕན་ནུས་གང་ལེགས་སྒོས་འདོན་སྤེལ་བྱས་ཏེ་རྣམ་པ་སྣ་ཚོགས་པའི་རིག་གཞུང་བརྗེ་རེས་བྱ་འགུལ་སྤེལ་ནས་རང་ཞིང་བོད་ལུགས་གསོ་རིག་ལས་དོན་འཕེལ་རྒྱས་ཐད་ཕན་འབྲས་ཆེན་པོ་བསྐྲུན་དགོས་པའི་རེ་འདུན་དང་བཅས་སྐབས་དང་པོའི་བོད་ཕྱི་གསོ་རིག་ཟུང་འབྲེལ་ཆེད་ལས་ཨུ་ཡོན་ཚོགས་པ་གསར་འཛུགས་དང་རིག་གཞུང་བགྲོ་གླེང་ཚོགས་འདུ་ཡོངས་སུ་མཇུག་བསྒྲིལ།


རྡེབ་ཚད་ཨང་རིམ།
X