//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > གསོ་རིག་རྒྱུད་བཞི། > བཤད་རྒྱུད། > ནང་དོན།

ལེའུ་ཉེར་གཉིས་པ། གཉེན་པོ་ཆ་བྱད་བསྟན་པ།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-25 11:55:37 ཀློག་གྲངས། 9 

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ།། ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས།། ཆ་བྱད་དཔྱད་ཀྱི་གནས་ལ་ཇི་ལྟར་བསླབ་པར་བགྱི།། འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ།། ཞེས་ཞུས་པ་ལས། སྟོན་པས་གསུངས་པ། ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག ནད་ལས་གསོ་བར་བྱེད་པའི་གཉེན་པོ་ཡི།། ཆ་བྱད་དཔྱད་ཀྱི་གནས་ལ་བསླབ་པ་ནི།། དཔྱད་དང་དཔྱད་ཀྱི་ཆ་བྱད་རྣམ་པ་གཉིས།། ལུས་ཀྱི་ཕྱི་ནས་ནད་རྣམས་འབྱིན་པ་དང་།། ཞི་བར་བྱེད་པ་གང་ཡིན་དཔྱད་ཡིན་ཏེ།། དེ་ཡང་འཇམ་དང་རྩུབ་དང་དྲག་པོ་གསུམ།། འཇམ་པོའི་དཔྱད་ལ་དུགས་ལུམས་བྱུག་པ་གསུམ།། རྩུབ་པའི་དཔྱད་ལ་གཏར་བསྲེག་དབུག་པ་གསུམ།། དྲག་པོ་འདྲལ་གཅོད་འདྲུད་དང་འབྱིན་པ་བཞི།། དེ་ཡི་ཆ་བྱད་ཟུག་རྔུ་བརྟག་པའི་དཔྱད།། སྐམ་པ་གཙགས་བུ་ཐུར་མ་ཕྲན་བུའོ།། དེ་ལ་དང་པོ་ཟུག་རྔུ་བརྟག་པའི་དཔྱད།། རྩེ་ཞབས་མེད་པའི་ཟླུམ་པོ་སྲིད་སོར་དྲུག། ཁབ་མགོ་ཞེས་བྱ་མགོ་བོའི་རུས་ཆག་བརྟག། མགོ་ཟླུམ་བྲ་བོ་རྩེ་ཀྱོག་རྩེ་གུག་པ།། སྦྲུལ་མིག་ཟངས་དུང་ཁ་འདྲ་སོར་བཅུ་གཉིས།། ཕྲ་ལ་འཇམ་པས་ཡན་ལག་ཟུག་རྔུ་བརྟག། སོར་བརྒྱད་དབལ་ལྡན་རྩེ་མོ་སྐར་ཁུང་ཅན།། སྐྲངས་པ་རྣག་ཏུ་སྨིན་ནམ་མ་སྨིན་བརྟག། སྦུབས་ཅན་བ་ནུ་འདྲ་བ་སོར་གསུམ་པ།། སྦོམ་སོར་ཕོ་ལ་ལྔ་སྟེ་མོ་ལ་དྲུག། ནད་བལྟ་བ་ལ་བུ་ག་གཉིས་པར་བྱ།།ལས་ལ་བུ་ག་གཅིག་པ་གློ་དཀར་ཅན།། དེ་འདྲ་གཞང་འབྲུམ་བལྟ་དང་གཅོད་ལ་སྦྱར།། ཟུག་རྔུ་འབྱིན་པ་སྐམ་པའི་སྡེ་ཚན་ནི།། སེང་གེ་ཁ་དང་ཀང་ཀ་བྱ་རོག་མཆུ།། སྲིད་སོར་བཅོ་བརྒྱད་འབྲེལ་མཚམས་གཟེར་བཏབ་པ།། རྩ་བ་ལྕགས་ཀྱུའི་དབྱིབས་ལྡན་ཨ་ལོང་བཏགས།། རུས་ལ་ཟུག་པའི་ཟུག་རྔུ་འབྱིན་ལ་སྦྱར།། དེ་འདྲ་སོར་བརྒྱད་མཐིང་རིལ་མཆུ་འདྲ་བ།། ཤིན་ཏུ་ཕྲ་བས་ཤ་རྒྱུས་ཟུག་རྔུ་དབྱུང་།། སྦུབས་ལྡན་སྲིད་སོར་བཅུ་གཉིས་གསང་ལ་མཁྲང་།། ནང་ནས་སྡོམ་པ་འདམ་བུའི་མཆུ་ཞེས་བྱ།། རྨ་གཏིང་ལུས་པའི་ཟུག་རྔུ་དབྱུང་ལ་སྦྱར།། སོ་ཕྲ་རྩ་བ་གདུ་བུས་བསྡམས་པ་ནི།། ཙུ་མོ་ཏི་སྟེ་རྩ་རོ་རྒྱུས་པ་དབྱུང་།། ཤ་འདྲལ་ཁྲག་དབྱུང་གཙགས་བུའི་སྡེ་བསྟན་པ།། བྱིའུ་སྦུ་གུའི་སྒྲོ་འདྲ་སོར་དྲུག་པ།། ཤ་གསེབ་ཁྲག་རྩ་རྐྱང་པ་འདེབས་ལ་སྦྱར།། ལྟག་ཉལ་རྩེ་རྣོ་སྣོད་ཀ་རྩེ་ཆུང་གཏར།། སྟ་རེ་ཁ་འདྲ་རུས་སྟེང་རྩ་ལ་གཏར།། ཆུ་གྲི་འདྲ་བས་སྐྲངས་ལ་ཞལ་ཞལ་བྱ།། སོར་བརྒྱད་ཟོར་བའི་དབྱིབས་ཀྱིས་ལྕེ་སྐྲངས་གཤག། གཙགས་འདྲ་བྲང་བ་ཅན་གྱིས་མགོ་རྨ་འདྲ།། དབུག་པའི་ཐུར་དཔྱད་སྲིད་སོར་དྲུག་པ་ལ།། མགོ་འོག་ལུས་ཤོང་ཐུར་ཞབས་ལྡིག་པར་བྱ།། སྦུབས་ཐུར་སྦལ་མགོ་གློ་དཀར་ཡོད་པ་ཡིས།། རླངས་འཁྱིམས་གསེང་དང་སྙིང་ཆུ་མཆིན་ཆུ་གཙག། སྦུབས་ཐུར་སྨྱུ་གུ་ཁ་ཡིས་དམུ་ཆུ་གཙག། བྱིད་པོའི་མཆུ་འདྲས་བྱང་ཁོག་རྣག་གསང་དབྱེ།། ནས་འདྲའི་ཐུར་མ་སྒལ་ཚིགས་སྐྲན་ལ་སྦྱར།། གློ་སྙིང་རྒྱུ་ལོང་མཁལ་མར་སྦལ་མགོ་བསྔགས།། ཟངས་ཐུར་བྲ་བོ་འདྲ་བས་མིག་སྤྲིན་དབུག། མཐོ་གང་འབྲི་ལྕེ་ཁ་ཡིས་ཅུར་འབྱིན་བྱ།། མདུང་རྩེའི་སོ་ཡིས་ཡན་ལག་རྣག་ཆུ་དབུག། གཞན་ཡང་ཆ་དཔྱད་ཕྲན་བུའི་སྡེ་བསྟན་པ།། སྟེ་ཁ་སོ་གཉིས་པ་དང་བེ་ལེ་ཁ།། རྐོ་མའི་མཆུ་འདྲ་སོར་དྲུག་ཡུ་བ་ཅན།། ལྕགས་བཟང་ངར་ལྡན་མགོ་ཡི་རུས་པ་འབྲུད།། སོག་ལེ་ཞེང་དུ་སོར་གཉིས་སོ་ཞིབ་པ།། སྲིད་སོར་བཅུ་པས་རུས་པ་ལྷག་པ་འབྲེག། ཆན་པ་རྣོ་བས་རྨ་ཡི་རྩ་རྒྱུས་བཅད།། སྦུབས་ཅན་སོར་ལྔ་སོག་ལེའི་ཁ་འདྲ་བ།། འཁོར་ལོ་ལྡན་པ་རུས་པ་འབུགས་པའི་གསོར།། སོར་བཅུ་བེ་ལེ་ཁ་འདྲ་རྩེ་གུག་པ།། རྣ་བ་སྣ་དང་གྲེ་བའི་འབྲུམ་པ་བཅད།། མངལ་ཐུར་མཐོ་གང་རྩེ་གུག་བུ་ཤི་དབྱུང་།། ཆ་དཔྱད་སྦྲུལ་མགོས་རྡེའུ་དབྱུང་བར་བྱ།། གྲོ་སོག་འབྲིང་ཚད་མཁྲང་གསང་འཇམ་པ་ལ།། སོར་བཅུ་གཉིས་པའི་འཕྲུལ་ཐུར་ཆུ་འགགས་གཙག། རྩེ་ཀྱོག་སྲིད་སོར་བཅུ་པས་སོ་སྲིན་བསྲེག། སོར་བཅུ་རྩ་བའི་བུ་ག་སོར་མོ་ལྔ།། རྩེ་མོ་ཁ་དབྲག་ཁ་སྣར་དུ་བ་རྔུབ།། སྦུབས་ཅན་སོར་བཅུ་ཐེམ་བུ་ལྟ་བུའི་ཁ།། གྲེ་བར་སྨན་གདབ་རྩེ་ཆུང་བསྲེག་ལ་སྦྱར།། རྩ་བའི་སྦུབས་ལ་མཐེ་བོང་ཤོང་བ་ལ།། རྩེ་བུག་སྲན་མ་ཤོང་ཙམ་སོར་བརྒྱད་པ།། རྐེད་པ་རྩ་བར་འཁོར་ལོ་དཀྲིས་པ་ནི།། གཅེའུ་ཞེས་བྱས་འཇམ་རྩི་ནི་རུ་བཏང་།། དེ་འདྲ་ཕྲ་མོ་རྨ་བཀྲུ་བ་ལ་སྦྱར།། རྔབས་རྭ་དཔངས་སུ་སོར་ལྔ་ཁ་སོར་གསུམ།། རྩེ་བུག་ཡུངས་ཀར་ཤོང་བས་ཆུ་སེར་དྲང་།། བུམ་པ་འཁྱུད་འཁོར་སོར་ནི་བཅོ་བརྒྱད་ལ།། སྲིད་སོར་བཅུ་གཉིས་ཁ་ཟླུམ་སོར་བཞི་པ།། ཕྱི་སྐྲན་འཇུ་ཞིང་འདྲེན་ལ་སྦྱར་བར་བྱ།། མེ་ལོང་སྤུ་གྲི་ཟླ་ཚེས་ལྟ་བུ་ཡིས།། མགོ་བོའི་སྐྲ་བཞར་ཡོག་ཐོད་མགོ་ལྟ་བུ།། སྲིད་སོར་བཅུ་པ་ཏེལ་བ་ཞེས་བྱ་སྟེ།། འབྲས་དང་ལྷོག་པ་སྐྲངས་པ་བསྲེག་པར་བྱ།། དབལ་ལྡན་ཕྲ་འཇམ་གུག་པོ་ཤ་ཡི་ཁབ།། ཤ་དང་པགས་པ་རལ་བ་བཙེམ་ལ་སྦྱར།། དེ་ལྟར་ཆ་བྱད་ནད་དང་གང་མཁོ་སྤྱད།། ཅེས་གསུངས་སོ།། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གཉེན་པོ་ཆ་བྱད་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།

X