//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > གསོ་རིག་རྒྱུད་བཞི། > མན་ངག་རྒྱུད། > ནང་དོན།

ལེའུ་སོ་བདུན་པ། མཆེར་ནད་གསོ་བ།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-26 14:54:17 ཀློག་གྲངས། 5 

      དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ།། ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག། མཆེར་པའི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང་།། རྟགས་དང་བཅོས་ཐབས་རྣམ་པ་བཞི་རུ་བཤད།། རྒྱུ་ནི་མ་ཞུ་རླན་གྲངས་དྲག་ཤུལ་སྐྱེད།།དབྱེ་ བ་མཆེར་ནད་ཚ་བ་ཁྲག་སྦོས་དང་།། མཆེར་རླུང་མཆེར་པའི་བད་ཀན་རླུགས་པ་ལྔ།། མཆེར་ནད་ཚ་བ་ཆང་འཐུངས་དྲོས་ཚེ་སྦོ།། ལྕེ་ཁྲ་དབུགས་རྒོད་མཆུ་དང་གདོངས་པ་སྨུག། རྐང་ལག་སྦྲིད་ཅིང་གཡོན་གྱི་རྩིབ་ཐུང་གཟེར།། ཁྲག་སྦོས་དེ་འདྲ་བཞིན་མདོག་སྔོའམ་སེར།། ཁོང་ལྕི་སྦོ་འཁྲོག་བྱེད་ཅིང་མ་མཆུ་འཕྱང་།། མཆེར་རླུང་ལུས་སྐྲངས་སྦོ་འཁྲོག་འཇུ་སྟོབས་ཆུང་།། སྒྲེགས་པའམ་འོག་རླུང་ཐོན་ན་བདེ་སྙམ་བྱེད།། མཆེར་པའི་བད་ཀན་མཆུ་ལ་བད་ཀན་ཆགས།། གྲང་དང་དགོངས་དུས་སྦོ་ལ་གཡོན་ངོས་གཟེར།། རླུགས་པ་སྦོ་འཁྲོག་ཕྱི་ས་མི་ཐུབ་འཆོར།།བཅོས་ཐབས་མཆེར་ཚད་ལི་ཤི་ཀ་ཀོ་ལ།། སུག་སྨེལ་གུར་གུམ་ཏིག་ཏ་གསེར་མེ་ཏོག། སླེ་ཏྲེས་ཀ་ར་སྦྱར་བའི་ཕྱེ་མ་བཏང་།། ཀ་ཀོ་ལ་དང་གུར་གུམ་ཨ་རུ་ར།། ཀ་ར་སྦྱར་བཏང་མཆེར་པའི་རྩ་ལ་གཏར།། ཁྲག་སྦོས་ནད་ལ་མ་ནུ་པི་པི་ལིང་།། སུག་སྨེལ་ཤུ་དག་དོང་གྲ་ན་ལེ་ཤམ།། ཁ་རུ་ཚ་དང་ཤིང་ཚ་རྒྱམ་ཚ་དང་།། བུ་རམ་སྦྱར་བཏང་ངར་གདོང་མཆེར་རྩ་གཏར།། མཆེར་པའི་རླུང་དང་བད་ཀན་གཉིས་ཀ་ལ།། ཤིང་ཀུན་ཁ་རུ་ཚ་ཡི་བསྡུས་ཁུ་བཏང་།། ད་ལིས་སུག་སྨེལ་ཤིང་ཚ་ཁ་རུ་ཚ།། ཟི་ར་ཚ་བ་གསུམ་དང་བུ་རམ་སྦྱར།། མཆེར་པའི་སྟེང་དང་བཅུ་གཅིག་ཁ་གསུམ་བསྲེག། རླུགས་པའི་ནད་ལ་ཨ་ཤོ་གནྡ་དང་།། རྒྱམ་ཚ་ཁ་རུ་ཚ་ཡི་ཕྱེ་མ་བཏང་།། བསྲེག་པ་གོང་བཞིན་མཛོ་དང་རྟོལ་ཤ་བྱིན།། དབང་པོ་ལག་པ་གེ་སར་རྣམ་པ་གསུམ།། བུ་རམ་སྦྱར་བས་མཆེར་པའི་ནད་ཀུན་སེལ།།ཞེས་གསུངས་སོ།། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་མཆེར་ནད་གསོ་བའི་ལེའུ་སྟེ་སོ་བདུན་པའོ།། །།

X