//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > གསོ་རིག་རྒྱུད་བཞི། > མན་ངག་རྒྱུད། > ནང་དོན།

ལེའུ་སོ་དགུ་པ། ཕོ་བའི་ནད་གསོ་བ།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-26 14:56:27 ཀློག་གྲངས། 7 

      དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ།། ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག། ཕོ་བའི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང་།། རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།རྒྱུ་ནི་ངལ་དུབ་རླན་གྲངས་བཟའ་ཆེས་དང་།། ཁ་ཟས་མི་འཕྲོད་པ་ལས་གྱུར་པའོ།། དབྱེ་བ་ཕོ་ནད་ཚ་བ་གྲང་བ་གཉིས།། ཚ་བ་ཕོ་བར་འགྲམས་བབས་འཁྲུགས་བབས་དང་།། དུག་ཐབས་གཉན་གླང་ཕོ་བ་སུར་ཡ་དང་།། མཁྲིས་པ་ལུད་དང་མཆིན་ཁྲག་ལུད་པའོ།། མཆིན་ཁྲག་ལུད་པ་འདྲིལ་དང་མ་འདྲིལ་གཉིས།། གྲང་བ་རླུང་དང་མ་ཞུ་ལྕགས་དྲེག་ལྷེན།། མེ་ཉམས་རྡོ་སྐྲན་དམུ་རྫིང་སྲིན་དང་འབྲས།། ཚ་གྲང་བདུན་དགུ་ཕོ་ནད་བཅུ་དྲུག་གོ། འོན་ཀྱང་རླུང་དང་བད་ཀན་མཁྲིས་པ་ཁྲག། དུག་ཐབས་ཕོ་ལོག་རྒུད་པ་སྙོང་བུ་བརྒྱད།། མདོར་བསྡུས་ཕྱི་མ་ལེའུ་བཞིན་དུ་གསལ།། དེ་རྟགས་ཕོ་རླུང་སྦོ་ཞིང་སྟོང་སྒྲེག་དང་།། འབྲབ་པ་བཞིན་དུ་ན་ཞིང་སྟོང་སྐྱུགས་བྱེད།། ཡང་ན་སྒྲ་བཅས་འཁྲོག་ཅིང་འཁྲུ་བ་ཡིན།། ཕོ་བའི་བད་ཀན་འཚིང་སྒྲེག་ཟས་མི་འཇུ།། བསིལ་ཟས་འཇུ་དཀའ་ཟོས་རྗེས་རྔུལ་གྲངས་ན།། ཟས་ལ་འཁྲེན་ཅིང་འབྱར་བག་སྐྱུག་པ་དང་།། ཡང་ན་ཁ་ཟས་མ་སྨིན་རྩམ་པ་འཁྲུ།། ཕོ་བར་མཁྲིས་པ་ལྷུང་ན་འཁྲུ་འམ་སྐྱུག། ཁྲག་ལྷུང་ཚ་ཆེས་གྲང་ཆེས་གཉིས་ཀ་ན།། ཕོ་བ་དུག་ཐབས་མི་འཇུ་དང་ག་འགག། མིད་པ་ན་ལ་བྲང་ཚ་ཆུ་ཚན་སྐྱུག། ཤ་འབྲོས་གསུས་རྩ་བཀྲ་ལ་ཟོས་ཐོག་སྐྱུག། ཕོ་ལོག་སྦོ་ལྡེང་ཟུག་ཆེ་ལྡང་དུབ་བྱེད།། ཕོ་བ་རྒུད་པ་སྒྲེག་མང་བཅུད་མི་འཇུ།། ལྦུ་བར་སྐྱུག་ཅིང་ཉམ་ཆུང་ཆང་འཐུངས་བདེ།། སྙོང་བུ་དེང་ངེ་བརྗེད་ངས་མེད་པར་ན།།བཅོས་ཐབས་ཕོ་རླུང་ཤིང་ཀུན་ཁ་རུ་ཚ།། ཕོ་བ་རིས་དང་སེ་འབྲུ་བུ་རམ་སྦྱར།། སྣ་ཚོགས་རུས་ཁུར་ཤིང་ཀུན་ཁ་རུ་ཚ།། ཐལ་ཚ་བཏབ་བཏང་དུགས་བྱ་ཕོ་གསང་བསྲེག། མར་རྙིང་ཚ་བ་གསུམ་དང་ཚྭ་སྣ་གསུམ།། སྦྱར་བས་རླུང་གིས་སྐྱུག་པ་གཅོད་པར་བྱེད།། འཁྲུ་ན་ལ་ཕུད་དོང་གྲ་ཁྱོར་པ་རེ།། ཀ་ར་འོ་མ་མར་དུ་བསྡུས་ལ་བཏང་།། ཕོ་བའི་བད་ཀན་ཤིང་ཀུན་ཁ་རུ་ཚ།། སྨན་སྒ་སྦྱར་ལ་དོང་གྲའི་ཐང་གིས་དབུལ།། ཕོ་བ་དྲོད་ཆུང་ཁ་ཟས་མི་འཇུ་སེལ།། སེ་འབྲུ་སུག་སྨེལ་རྒྱམ་ཚ་ལ་ལ་ཕུད།། ཤིང་ཚ་ཟི་ར་བཅའ་སྒ་པི་པི་ལིང་།། ལྕེ་མྱང་ཁ་རུ་ཚ་དང་བུ་རམ་སྦྱར།། དྲོད་སྐྱེད་ཟས་འཇུ་ཕོ་བའི་གཟེར་ཟུག་སེལ།། གོ་སྙོད་ན་ལེ་ཤམ་དང་ཁ་རུ་ཚ།། ཀ་ར་སྦྲང་སྦྱར་བད་ཀན་སྐྱུག་པ་གཅོད།། བྱི་ཏང་ག་དང་སྒྲོན་ཤིང་ཚ་བ་གསུམ།། འུ་སུ་བསྐོལ་ཁུས་བད་ཀན་འཁྲུ་བ་གཅོད།། ཕོ་གསང་མདུན་རྒྱབ་མེ་ཡིས་བསྲོ་བར་བྱ།། ཕོ་བའི་མཁྲིས་པ་གཡའ་ཀྱིའི་སྐྱུགས་ཀྱིས་དྲང་།། དེ་རྗེས་ལྕུམ་རྩ་ཨ་རུའི་བཤལ་ཀྱིས་སྦྱང་།། ཕོ་བའི་ཁྲག་ནད་ཅུ་གང་བདེ་བྱེད་སྦྱར།། སྟར་བུའི་དུང་ཐལ་སྦྲུལ་ཤ་རྒྱ་ཚ་དུར་བྱིད་ཀྱི་སྦྱོང་བཏང་རུ་ཐུང་གཉིས་ལ་གཏར།། ཕོ་བ་དུག་ཐབས་ཐར་ནུ་སྲུབ་ཀ་བ།། རི་ཤོ་རྒྱམ་ཚའི་སྐྱུགས་བྱ་དེ་འོག་ཏུ།། མ་ནུ་ཀཎྡྲི་ཀ་རི་སུག་སྨེལ་དང་།། གུར་གུམ་ལི་ཤི་ཀ་ར་སྦྱར་ལ་བཏང་།། སེ་འབྲུ་བཞི་སྦྱར་ཕོ་ལོག་ཀ་ཀོ་ལ།། སུག་སྨེལ་ཤིང་ཚ་ད་ལིས་པི་པི་ལིང་།། ཟི་ར་ན་ལེ་ཤམ་དང་ཀ་ར་སྦྱར།། ཁ་རུ་ཚ་དང་རྭ་གཞོབ་བསྡུས་ཐང་བཏང་།། ཕོ་བ་རྒུད་ན་ཨ་རུསྐྱུ་རུ་གོ་སྙོད་ཟི་ར་ནག་པོ་ལ་ལ་ཕུད་ཤིང་ཚ་ཕོ་བ་རིས་ཐལ་ཚ་རྭ་ཚ་རྒྱ་ཚ་ལྕེ་མྱང་ཚ་པི་པི་ལིང་རམའི་ཅུར་ནིས་སྦྱར།། ཕོ་བ་སྙོང་བུ་ད་ལིས་ཚ་བ་གསུམ་ཤིང་ཚ་བུ་རམཅུར་ནིས་སྦྱར།། ཕོ་བ་ཟས་འཇུ་བྱེད་པའི་གཞི་ཡིན་པས།། ཟས་སྤྱོད་དྲོད་བསྟེན་སེ་འབྲུ་ད་ལིས་ཤིས།།ཞེས་གསུངས་སོ།། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཕོ་བའི་ནད་གསོ་བའི་ལེའུ་སྟེ་སོ་དགུ་པའོ།། །།  

X