//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > གསོ་རིག་རྒྱུད་བཞི། > མན་ངག་རྒྱུད། > ནང་དོན།

ལེའུ་ཞེ་དགུ་པ། གླང་ཐབས་བཅོས་པ།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-26 15:40:18 ཀློག་གྲངས། 4 

      དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ།། ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག། གླང་ཐབས་ནད་ལ་རྒྱུ་རྐྱེན་དབྱེ་བ་དང་།། རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།རྒྱུ་རྐྱེན་མ་ཞུ་བ་དང་མི་འཕྲོད་ཟས།། རྔུལ་གྲངས་སྲིན་འཁྲུགས་གདོན་ལས་འབྱུང་བར་བྱེད།། དབྱེ་བ་གནས་དང་ནད་རིགས་རྣམ་པ་གཉིས།། གནས་ནི་དོན་གླང་སྣོད་གླང་རྩ་གླང་གསུམ།། དོན་གླང་མཆིན་གླང་མཆེར་གླང་རྣམ་པ་གཉིས།། སྣོད་གླང་ཕོ་བ་རྒྱུ་མ་ལོང་དང་གསུམ།། རྩ་གླང་ཕྱི་རྩ་ནང་རྩའི་གླང་ཐབས་གཉིས།། རིགས་ནི་ཚ་གྲང་སྲིན་དང་གཉན་གླང་བཞི།། ཚ་གླང་མཆིན་མཆེར་གཉིས་ཀྱི་ཁྲག་འཁྱགས་དང་།། ཁྲག་དང་མཁྲིས་པ་ཕོ་ལོང་ལྷུང་ལས་འབྱུང་།། གྲང་གླང་ཕོ་བར་མ་ཞུ་ལྷུང་བ་དང་།། རྒྱུ་ལོང་ནང་དུ་ཐུར་སེལ་འཁྱིལ་ལས་འབྱུང་།། སྲིན་གླང་ཕོ་ལོང་གཉིས་སུ་སྲིན་འདྲིལ་ལ།། གཉན་གླང་ཕོ་བ་རྒྱུ་མར་གཉན་བབས་པའོ།།དེ་རྟགས་མཆིན་གླང་གཡས་ངོས་མཆིན་སྟེང་གཟེར།། རྔུལ་གྲངས་རྗེས་ལ་ནད་ལྡང་རྩ་ཆུ་ཚ།། མཆེར་གླང་མཆེར་སྟེང་རྩིབ་ཐུང་གཟེར་བ་དང་།། སྦོ་འཁྲོག་བྱེད་ཅིང་ཆུ་གྲང་འཐུངས་ན་ན།། ཕོ་བ་གླང་ཐབས་ལྷེན་སྣའི་འོག་ཏུ་ན།། རྒྱུ་མའི་གླང་ཐབས་ལྟེ་བའི་འོག་ཏུ་ན།། ལོང་གླང་ལྟེ་བའི་གཡས་གཡོན་ཐད་ཀར་ན།། ཚ་གླང་རྒྱུ་རྐྱེན་ཚ་བས་བསླང་བ་དང་།། ལུས་རྔུལ་གསུས་པ་ཆུང་ལ་ལྡང་དུབ་བྱེད།། ཁྲག་གམ་མཁྲིས་པ་འཁྲུ་སྐྱུག་རྩ་ཆུ་ཚ།། ཁྱད་པར་ཕོ་བ་ལོང་དུ་ཁྲག་ལྷུང་ན།། གྲངས་རྗེས་ན་ཞིང་སྒྲེག་ལ་སྐྱུག་ཚུལ་སྟོན།། རོ་རྒྱབ་མཆིན་དྲི་སྦྲག་ཅིང་ཚ་རུམ་བྱེད།། མཁྲིས་པ་ལྷུང་ན་ཁ་སྐམ་སྐོམ་དད་ཆེ།། ཁ་ཁ་མཁྲིས་པར་སྐྱུག་ཅིང་གཟེར་འབྱུང་སྒྲེག། གྲང་གླང་རྒྱུ་རྐྱེན་གྲང་བས་ལྡང་བ་ལ།། སྦོ་ལྡེང་ལྡང་དུབ་མེད་པར་ཐེར་ཟུག་ན།། མ་ཞུ་བད་ཀན་སྐྱུག་ཅིང་གྲང་རྔུལ་བྱེད།། ཁྱད་པར་མ་ཞུ་མི་ཕྲོད་ཟོས་རྗེས་ལྡང་།། རུས་སྒྲེག་མང་ཞིང་སྐྱུག་ལ་ཟོས་ཐོག་ན།། ལོང་དུ་སྨུག་པོ་འཐབ་པའི་གླང་ཐབས་ནི།། ཐུར་རླུང་མི་ཐོན་ཕར་འབོར་ཚུར་འབོར་རྒྱུ།། འགྲངས་དང་མཚན་མོའི་དུས་སུ་ཁྱད་པར་ན།། ལྟོགས་ཤིང་ཉིན་མོའི་དུས་ན་ཅུང་ཟད་བདེ།། རྒྱུ་མར་ཐུར་སེལ་འཁྱིལ་བས་ཕྱེན་མི་ཐོན།། གྱེན་དུ་འཁྱིལ་ཞིང་སྦོ་འཁྲོག་ཧྲིལ་ཧྲིལ་ན།། ཚབས་ཆེ་རླུང་གིས་གཅུས་ཤིང་འཁྲིལ་ན་སྤང་།། ཕོ་ལོང་སྲིན་གླང་དཀར་མངར་གྲངས་རྗེས་ན།། དྲུ་བུར་འདྲིལ་ལམ་ཚ་ལ་འབུགས་སྙམ་བྱེད།། ལྡང་དུབ་ཆེ་ལ་ལངས་དུས་སྲན་གླགས་མེད།། ཕོ་བ་རྒྱུ་མར་གཉན་བབས་གྲིས་དཀྲུགས་འདྲ།། ཕོ་བ་སྒྲིམས་ལ་ཉྭ་འབྲོས་བ་སྤུ་ལྡོག། རྩ་འཇུར་རྣ་བ་སླེབ་ཅིང་རྫི་མ་ཆག། ཕྱི་རྩ་གླང་ཐབས་ལྟེ་བའི་ཟུར་གཉིས་འཕར།། ནང་རྩ་གླང་ཐབས་སྲོག་རྩ་གཟེར་འཁྲུག་འཕར།།བཅོས་ཐབས་མཆིན་གླང་གྲོག་ཞིང་བསྲོས་པས་བདུག། དྲི་ཆུར་བྲག་ཞུན་བ་ཤ་ཀ་སྦངས་བཏང་།། གུར་ཀུམ་ཅུ་གང་བ་ལི་ཏིག་ཏ་ཨུཏྦལ་ཨ་རུ་མཚེ་ཀ་རབདུན་དང་ཅུ་གང་གུར་ཀུམ་སེ་འབྲུ་སུག་སྨེལ་བྲག་ཞུན་ཏིག་ཏ་པི་ལིང་ཚ་ལ་ཀ་རབརྒྱད་པ་སྦྱར།། རུ་ཐུང་རྩ་ལ་གཏར་ལ་ཁྲག་ཤེད་བཅག། མཆེར་གླང་སེ་འབྲུ་རྒྱམ་ཚ་བཞི་ཐང་བཏང་།། མ་ནུ་སེ་འབྲུ་སུག་སྨེལ་ཀ་ཀོ་ལ་རྒྱམ་ཚ་པི་ལིང་ཀ་རདྲུག་པ་ཆུ་སྐོལ་འཕུལ་ལ་བྱིན། ཡོས་སམ་སྲན་ཕུབ་དུགས་བྱ་མཆེར་རྩ་གཏར།། དེ་གཉིས་ཞི་དཀའ་ལྕུམ་རྩཨ་རུ་དུར་བྱིད་རྒྱམ་ཚའི་ཐང་གིས་སྦྱང་།། སྣོད་གླང་གང་ཡང་དཔྱད་མཆོག་སྦྱོངས་ཡིན་པས།། སྟར་བུ་དུང་ཐལ་སྦྲུལ་ཤ་རྒྱམ་ཚ་དང་།། དུར་བྱིད་བུ་རམ་དྲི་ཆུའི་རིལ་བུས་སྦྱང་།། སྣོད་དུ་ཁྲག་མཁྲིས་མ་ཞུ་ལྷུང་བ་འདོན།། ཁྱད་པར་ཕོ་གླང་སྐྱུགས་ལ་རྒྱུ་མ་བཤལ།། ལང་ལོངགླང་ནི་རུ་ཧ་ཡིས་དྲང་བར་བྱ།། ཚ་གླང་དུགས་གཏར་བྲག་ཞུན་བ་ཤ་བ་ལེའི་ཐང་ལ་དོམ་མཁྲིས་གུར་ཀུམ་བཏབཐང་ཨ་རུ་བྲག་ཞུན་གླ་རྩི་བོང་ང་དོམ་མཁྲིས་གུར་གུམ་སུག་སྨེལ་པྲི་ཡངྐུ་ལི་ཤིའིཕྱེ་ཨ་རུ་དུར་བྱིད་ལྕུམ་རྩ་རྒྱམ་ཚའིསྦྱོངས་ཀྱིས་བཅོས།། མཆིན་ཁྲག་ཕོ་བར་ལྷུང་ན་སྟར་བུ་དུང་ཐལ་སོགས་ཀྱིསསྦྱང་བ་གཅེས།། རུ་ཐུང་གཏར་ཞིང་ཡོས་སམ་ཆུ་རྡོས་བདུག། བྲག་ཞུན་དོམ་མཁྲིས་གུར་ཀུམ་ཨུཏྦལབཞི་པ་ཀ་ར་སྦྱར་ལ་བཏང་།། མཁྲིས་པ་ལྷུང་ན་གཡའ་ཀྱིའིདུར་བྱིད་རྒྱམ་ཚའི་སྦྱོངས་སྐྱུགས་སྦྲག། རྗེས་ལ་སེ་འབྲུ་བཞི་པའི་སྟེང་དུ་གུར་ཀུམ་དུག་ཉུང་གསེར་མེབདུན་པ་སྦྱར་བར་བྱ།། གྲང་གླང་དུགས་ཚ་བ་གསུམ་ཐང་ཤིང་ཀུན་ཚྭ་གསུམཕྱེ་མ་བསྲེག་པས་བཅོས།། མ་ཞུ་ལྷུང་ན་སྤྱང་ཚེར་དུར་བྱིད་རྒྱམ་ཚ་པི་ལིང་གིསྐྱུགས་རྗེས་དྲོད་སྨན་སེ་འབྲུ་ཚ་བ་གསུམ་རྒྱམ་ཚ་ཁ་རུ་ཚསྦྱར།།སྨུག་པོ་འཐབ་ལ་རུ་རྟ་དྲུག་པ་དང་།། ཆུ་ལོ་ཧ་བོའི་དུགས་བསྟེན་རུ་ཐུང་གཏར།། ལྟེ་ཟུར་གཉིས་བསྲེག་ནི་རུ་འཇམ་རྩི་སྤེལ།། རྒྱུ་མར་རླུང་འཁྱིལ་མེས་བསྲོ་བཀྲུ་འཇམ་བཏང་།། ཤིང་ཀུན་ཁ་རུ་ཚ་ཕོ་རིས་སྒ་བུ་རམབཞི་པའི་ཕྱེ་མ་ཆང་གིས་དབུལ།། སྲིན་ལ་རྒྱ་ཚ་དྭ་བའི་རྩ་བའམ།། ཤུ་ཏི་བུ་རམ་སྦྱར་བའི་རིལ་བུ་འམ།། ལང་ཐང་ཙེ་འམ་ཐང་ཕྲོམ་སྒོག་སྐྱ་འམ།། དཀར་པོ་ཆིག་ཐུབ་དྲི་ཆུར་སྦྱར་བས་འཇོམས།། རྟ་སྦངས་ཕུར་མོ་སྤྲུ་རྩའི་དུགས་ཀྱིས་བདུག། གཉན་གླང་ལྷོག་དུག་གསུམ་གང་རུང་དང་པི་ལིང་རྒྱམ་ཚ་དྲི་ཆུར་བཏབགྱི་སྦྱོར་བ་འམ།། བྱ་ཁྱུང་རིལ་བུས་བསད་རྗེས་རྒྱལ་བློན་ཐར་ནུ་ཆུ་རྩ་སྔོན་བུསྦྱར།། རྩ་གླང་རྐེད་པ་བཅག་ཅིང་རྩ་བཞི་བཅིང་།། བཤལ་གཏར་ཚད་སྦྱང་མེ་ཡིས་རླུང་ལམ་དགག། མང་དུ་ཕྱེ་ལ་ནད་ངོས་མ་འདྲེས་ཟུང་།། ཉུང་དུ་བསྡུས་ལ་ལག་ལེན་གཉིས་སུ་དྲིལ།། ཞེས་གསུངས་སོ།། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གླང་ཐབས་བཅོས་པའི་ལེའུ་སྟེ་བཞི་བཅུ་རྩ་དགུ་པའོ།། །།

X