//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > གསོ་རིག་རྒྱུད་བཞི། > མན་ངག་རྒྱུད། > ནང་དོན།

ལེའུ་ང་གཅིག་པ། སྐྱུགས་པའི་ནད་བཅོས་པ།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-26 15:41:36 ཀློག་གྲངས། 3 

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ།། ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག། སྐྱུགས་ཀྱི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང་།། རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།། རྒྱུ་རྐྱེན་མ་ཞུ་ལྷེན་དང་ལྕགས་དྲེག་དང་།། ཁོང་འབྲས་བད་སྨུག་སྲིན་བུ་སྟེང་རླུང་འཁྲུགས།། མི་སྡུག་ཡུལ་མཐོང་རྣམས་ཀྱིས་གྱེན་དུ་སྐྱུག།དབྱེ་བ་རླུང་མཁྲིས་བད་ཀན་འདུས་པ་བཞི།།དེ་རྟགས་མ་ཞུ་གང་ཟོས་དེ་ཉིད་སྐྱུག། ལྷེན་དང་ལྕགས་དྲེག་ཆུ་སྐྱུར་བད་ཀན་སྐྱུག། ཁོང་འབྲས་ཁ་ཟས་ཀུན་ལ་འཁྲེན་པ་སྟེ།། བད་ཀན་སྨུག་པོ་རྒྱ་བཤལ་དུད་ཁུ་སྐྱུག། སྲིན་གྱིས་སྲིན་སྐྱུག་རླུང་འཁྲུག་སྟོང་སྐྱུགས་བྱེད།། མི་སྡུག་ཡུལ་མཐོང་དྲི་ཚོར་རེག་པས་སྐྱུག། རླུང་གྱུར་ལྦུ་ཅན་ཆུ་ཐབས་སྐྱུག་པ་ལ།། བྲང་རྒྱབ་རྩིབ་ལོགས་གཟེར་ཞིང་མགོ་བོ་འཁོར།། མཁྲིས་གྱུར་ཁ་ཁ་སེར་པོ་ཁྲག་ཅན་སྐྱུག། ལུས་ཚ་སྐོམ་དད་ཆེ་ལ་མགོ་བོ་གཟེར།། བད་ཀན་ལས་གྱུར་བེ་སྣབས་བསྐ་མངར་སྐྱུག། དང་ག་འགག་ཅིང་གདོང་སྐྲངས་བྲང་ཁ་ན།། འདུས་པ་ལས་ནི་ཀུན་རྟགས་སྟོན་པར་བྱེད།།བཅོས་ཐབས་ཀུན་ལ་སྨྱུང་བྱ་ཆུ་ཚན་བཏུང་།། ཟས་སྐོམ་ཡང་ལ་འཇུ་སླ་ཅུང་ཟད་བསྟེན།། ཟས་ཟོས་རྗེས་ལ་ཆུ་གྲང་གདོང་བཀྲུ་གཏོར།། ཁྱད་པར་མ་ཞུ་རྒྱམ་ཚ་གསུམ་པས་བཞུ།། ལྷེན་དང་ལྕགས་དྲེག་ཐལ་སྨན་རྗེས་ལ་རློན།། ཁོང་འབྲས་ཚེར་སྔོན་སྔོ་ཡི་ཚ་བ་གསུམ།། ཐར་ནུ་བསྲེགས་ཐལ་རྒྱ་ཚ་སེར་མཚུར་སྦྱར།། རྒྱ་བཤལ་དུད་ཁུ་སྐྱུག་ལ་སྨུག་པོ་བཞིན།། སྟེང་རླུང་འཁྲུགས་ལ་མེ་བཙའ་རུས་ཐང་བཏང་།། སྲིན་ལ་དེ་སྨན་མི་སྡུག་ཡིད་འོང་བཟློག། རླུང་གྱུར་ཚ་བ་གསུམ་དང་ཚྭ་སྣ་གསུམ།། ཞུན་མར་སྦྱར་བཏང་བྱུག་བྱས་མེ་བཙའ་བྱ།། མཁྲིས་གྱུར་སྦྱངས་རྗེས་འབྲས་ཀྱི་སྦྱོར་བས་བཅད།། བད་ཀན་སྐྱུགས་རྗེས་བྱི་ཚེར་སྦྲང་སྦྱར་རམ།། སེ་འབྲུ་འབྲས་ཡོས་ནས་ཕྱེ་སྦྱར་བ་བྱིན།། འདུས་པའི་ནད་ལ་གསུམ་གས་བཅོས་པར་བྱ།། ཞེས་གསུངས་སོ།། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་སྐྱུགས་པའི་ནད་བཅོས་པའི་ལེའུ་སྟེ་ལྔ་བཅུ་རྩ་གཅིག་པའོ།། །།

X