//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > གསོ་རིག་རྒྱུད་བཞི། > མན་ངག་རྒྱུད། > ནང་དོན།

ལེའུ་ང་གཉིས་པ། འཁྲུ་བའི་ནད་བཅོས་པ།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-26 15:42:16 ཀློག་གྲངས། 4 

      དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ།། ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག། འཁྲུ་བའི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང་།། རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།རྒྱུ་ནི་མ་ཞུ་གནས་སྐབས་འཁྲུ་བ་དང་།། ཕོ་བའི་མེ་ཉམས་རྒྱུ་ལོང་གྲང་བ་སྐྱེས།། མཁྲིས་པ་སྣོད་ལྷུང་མཆིན་ཚད་ཐུར་དུ་བབས།། དབྱེ་བ་རླུང་མཁྲིས་བད་ཀན་འདུས་པའོ།། དེ་རྟགས་མ་ཞུ་དོན་མེད་འགྱིངས་རྗེས་འཁྲུ།། མེ་ཉམས་ཁ་ཟས་མ་སྨིན་རྒྱུན་པར་འབྱང་།། རྒྱུ་ལོང་གྲང་བ་འཁྲོག་འུར་གྲངས་ན་ལྡང་།། མཁྲིས་པ་སྣོད་ལྷུང་སེར་པོ་ཚ་བཅས་འཁྲུ།། མཆིན་ཚད་བབས་པ་དམར་སྨུག་དུད་ཁུར་འཁྲུ།། རླུང་གྱུར་སྦོ་འཁྲོག་ལྦུ་བ་སྒྲ་བཅས་འཁྲུ།། མཁྲིས་པ་དམར་སེར་དྲི་མནམ་ཚོར་མེད་འཁྲུ།།བད་ཀན་བེ་སྣབས་འཁྲུ་ལ་ལྟོ་ལྕི་སྒྲེག། འདུས་པ་ལས་གྱུར་རྟགས་ཀུན་ལྡན་པར་འཁྲུ།། བཅོས་ཐབས་མ་ཞུ་མེ་དྲོད་ཉམས་པ་ལ།། སྨྱུང་བྱ་ཡོས་ཐུག་ཤ་གསར་སྒ་སྤོད་བྲན།། བུངས་ཆུང་བསྟེན་ཞིང་ཆུ་སྐོལ་ཆང་འཇམ་བསྟེན།། ད་ལིས་བདུན་དང་རྒོད་མ་ཁ་ཕྱེ་སྦྱར།། ཚྭ་སྣ་ཚ་བ་ལྔ་དང་ལ་ལ་ཕུད།། སེ་འབྲུ་ཤིང་ཀུན་བུ་རམ་རིལ་བུ་བཏང་།། སེ་འབྲུ་ཤིང་ཚ་དྲོད་གསུམ་ཚ་བ་གསུམ།། ལ་ལ་ཕུད་རྣམས་དྲོད་སྐྱེད་འཁྲུ་བ་གཅོད།། ཟས་སྤྱོད་བསིལ་སྤང་གཅན་གཟན་སྤུ་དུགས་བསྟེན།། རྒྱུ་ལོང་གྲང་བ་ལོང་གསང་མདུན་རྒྱབ་བསྲོ།། ཙི་ཏྲ་ཀ་དང་སུག་སྨེལ་ཚ་བ་གསུམ།། བུ་རམ་སྦྱར་བཏང་ལྕམ་པའི་ཚ་བ་བཏང་།། མཁྲིས་པ་སྣོད་ལྷུང་མཁྲིས་ཕྱེ་བདུན་པ་སྦྱར།། མཆིན་ཚད་ཐུར་བབས་བད་ཀན་སྨུག་པོར་བཅོས།། རླུང་གིས་འཁྲུ་ལ་སྣུམ་དུགས་འཇམ་རྩི་བྱ།། སེ་འབྲུ་ཚ་བ་ལྔ་དང་ཁ་རུ་ཚ།། ཤིང་ཀུན་བུ་རམ་སྦྱར་བཏང་ཞུན་མར་བླུད།། མཁྲིས་གྱུར་སེ་འབྲུ་བོང་ང་བཅའ་སྒའི་ཐང་།། རྩ་མཁྲིས་གླ་སྒང་ཧོང་ལེན་དུག་མོ་ཉུང་།། ཙི་ཏྲ་ཀ་དང་ཚྭ་གསུམ་བུ་རམ་སྦྱར།། མཁྲིས་སྐྲན་མིག་སེར་འཁྲུ་བ་གཅོད་པར་བྱེད།། གླ་སྒང་བོང་ང་བིལ་བ་དུག་མོ་ཉུང་།། ཏིག་ཏ་པ་ཏྲ་འུ་སུ་སྐྱེར་ཁཎྡྲི།། སྒ་དང་འབྲས་བཀྲུས་ཁུ་བ་སྦྱར་བླུད་ན།། ཁྲག་དང་མཁྲིས་པར་འཁྲུ་ཞིང་འཁྲོག་པ་སེལ།། བད་ཀན་ཚ་བ་ལྔ་དང་ཨ་རུ་ར།། འུ་སུ་གནྡྷ་ཤ་ཁུ་འབྲས་ཐུག་བླུད།། ཤིང་ཀུན་ཤུ་དག་ཧོང་ལེན་བོང་ང་དཀར།། དུག་ཉུང་པ་ཏྲ་གཟེ་མ་ཚ་བ་ལྔ།། ཚ་སྣ་ལྔ་དང་ཏིལ་དང་ཞོ་བཙོས་ཐལ།། མར་སྦྱར་བད་རླུང་མ་ཞུ་སྐྲན་འཁྲུ་སེལ།། ཞེས་གསུངས་སོ།། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་འཁྲུ་བའི་ནད་བཅོས་པའི་ལེའུ་སྟེ་ལྔ་བཅུ་རྩ་གཉིས་པའོ།། །།

X