//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > གསོ་རིག་རྒྱུད་བཞི། > མན་ངག་རྒྱུད། > ནང་དོན།

ལེའུ་ང་གསུམ་པ། དྲི་མ་འགགས་པ་གསོ་བ།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-26 15:42:47 ཀློག་གྲངས། 9 

      དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ།། ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག། དྲི་མ་འགགས་ལ་རྒྱུ་རྐྱེན་དབྱེ་བ་དང་།། རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།། རྒྱུ་རྐྱེན་ཟས་སྤྱོད་གདོན་གྱིས་འདུ་བ་འཁྲུགས།། རྒྱུ་ལོང་བཤང་ལམ་སྐམས་ནས་དྲི་མ་སྡོམ།། དབྱེ་བ་རླུང་མཁྲིས་བད་ཀན་སྲིན་ནད་དང་།། ཐུར་སེལ་ལོག་དང་རྣམ་པ་ལྔར་བཤད་དོ།། དེ་རྟགས་རླུང་གྱུར་འཁྲོག་སྐམ་ཤ་རིལ་འདྲ།། མཁྲིས་པ་རྒྱུ་ཞབས་ན་འདྲིལ་དམ་ལ་མཁྲེགས།། བད་ཀན་ལྟོ་ལྕི་སྒྲེག་ཅིང་གསུས་པ་སྐྲངས།། སྲིན་གྱུར་ཨ་ལོང་ཁ་ཟ་ལྡང་དུབ་བྱེད།། ཐུར་སེལ་ལོག་པ་འཁྲོག་སྒང་ཕྱེན་མི་ཐོན།། བཅོས་ཐབས་ཀུན་ལ་ནི་རུ་ཧ་ཡིས་དྲང་།། རླུང་ལ་ཤུ་ཏི་མཁྲིས་ལ་ལྕུམ་རྩ་སྟེ།། བད་ཀན་དྲོད་སྨན་སྲིན་ལ་བྱི་ཏང་ག། ཐུར་སེལ་ལོག་ན་རླུང་སྣ་རླུང་གིས་དྲངས་།། ཨ་རུ་ལྕུམ་རྩ་བུལ་ཏོག་བསྡུས་པའི་ཐང་།། དྲི་མ་སྐམས་པ་གང་ཡང་རླན་པར་བྱེད།། ཟས་སྤྱོད་ཁོང་སྨན་འདུ་བ་སྤྱི་དང་འདྲ།། ཞེས་གསུངས་སོ།། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དྲི་མ་འགགས་པ་གསོ་བའི་ལེའུ་སྟེ་ལྔ་བཅུ་རྩ་གསུམ་པའོ།།།།

X