//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > གསོ་རིག་རྒྱུད་བཞི། > མན་ངག་རྒྱུད། > ནང་དོན།

ལེའུ་རེ་ལྔ་པ། མེ་དབལ་བཅོས་པ།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-26 16:56:00 ཀློག་གྲངས། 5 

      དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ།། ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག། མེ་དབལ་ནད་ལ་རྒྱུ་རྐྱེན་དབྱེ་བ་དང་།། རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།། རྒྱུ་རྐྱེན་ཟས་སྤྱོད་གདོན་གྱིས་ཁྲག་མཁྲིས་འཕེལ།། ཆུ་སེར་ཚ་བ་རླུང་གིས་བུས་པ་འོ།། དབྱེ་བ་རླུང་མཁྲིས་བད་ཀན་མཚོན་ལས་བྱུང་།། གནས་ནི་པགས་པ་དོན་སྙིང་རྣམས་ལ་གནས།། དེ་རྟགས་རླུང་གྱུར་འདར་བརྩེ་སྐྲངས་གཟེར་སྐྱུག། མཁྲིས་གྱུར་ཚ་དམར་གྱུར་མཆེད་ཁ་ཁ་སྐོམ།། བད་གྱུར་གཡའ་འཇམ་མགོ་རྐང་ཚིགས་གཞི་ན།། མཚོན་བྱུང་རིམས་འདྲ་འབྲུམ་དམར་ཚ་བས་ཁྱབ།། ཕྱིར་བྱུང་མེས་ཚིག་རྨ་དང་འདྲ་ཞིང་མཆེད།། ནང་གནས་གློ་སྙིང་ཚ་གདུང་མྱོས་པར་འགྱུར།། སྟོབས་ཉམས་གནས་དེར་ཚ་གཟེར་སྐོམ་དད་ཆེ།། བཅོས་ཐབས་ཐོག་མར་གཏར་སྦྱང་ནང་སྐྱོན་བསལ།། དེ་འོག་བྱུག་པས་མེ་དབལ་ཞི་བར་བྱེད།། ཤིང་མངར་དུག་ཉུང་སོ་ཆ་སྟོད་བྱུང་རློན།། ར་གསུམ་ཀྱི་ལྕེ་དུར་བྱིད་སྨད་བྱུང་སྦྱོང་།། སྲན་ཆུང་ནིམ་པ་ཧོང་ལེན་ཀྱི་ལྕེ་དཀར།། ཤིང་མངར་སྐྱེར་པའི་ཁུ་བ་ཁོང་དུ་བླུད།། སྣུམ་བཅུད་མི་བཏང་གང་ཉེ་ཡང་ཡང་གཏར།། ནང་སྐྱོན་དག་ནས་མུ་ཟི་ནག་པོ་དང་།། ར་དུག་ཐར་ནུ་ལྡོང་རོས་ལྡེ་གུ་བྱུག། སྣག་ཚ་རུ་རྟ་གླ་རྩི་ཆུ་ངན་བྱུག། རླུང་གྱུར་ཤུ་ཏི་གླ་སྒང་པི་པི་ལིང་།། ཤི་ཀྲུ་འུ་སུ་སྒྲོན་ཤིང་རུ་རྟ་དང་།། འོ་མ་མར་དང་སྦྱར་ལ་བྱུག་པར་བྱ།། མཁྲིས་གྱུར་པད་རྩ་ཨུཏྦལ་བ་ལེ་ཀ། རྒུན་འབྲུམ་ཙན་དན་ཤུག་པ་ཤེལ་ཏ་དང་།། ཤིང་མངར་གསེར་བཙག་འོ་མར་ཀ་ར་བྱུག། བད་ཀན་འབྲས་བུ་གསུམ་དང་པུ་ཤེལ་རྩེ།། འདམ་བུ་ཀ་ར་ཤུག་པ་བཙོད་ཁུ་བྱུག། མཚོན་བྱུང་བསིལ་བས་བྱུག་ཅིང་གཏར་ག་བྱ།། ཞེས་གསུངས་སོ།། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་མེ་དབལ་བཅོས་པའི་ལེའུ་སྟེ་དྲུག་ཅུ་རྩ་ལྔ་པའོ།། །།

X