//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > གསོ་རིག་རྒྱུད་བཞི། > མན་ངག་རྒྱུད། > ནང་དོན།

ལེའུ་རེ་དྲུག་པ། སུར་ཡའི་ནད་བཅོས་པ།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-26 17:00:07 ཀློག་གྲངས། 7 

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ།། ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག། སུར་ཡའི་ནད་ལ་གྱུར་ཚུལ་དབྱེ་བ་དང་།། རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།། གྱུར་ཚུལ་ཟས་སྤྱོད་རྐྱེན་གྱིས་ཁྲག་འཕེལ་དང་།། མཚོན་ཁྲག་ལུས་དང་འགྲམས་ཁྲག་གཏར་མ་འཆུན།། རིམས་དུག་ཚ་བ་རྩར་བབས་མ་གཏར་བས།། ཁྲག་ངན་ཆུ་སེར་དོན་སྣོད་རྩ་མིག་འདུས།། སྐྲངས་ཤིང་བརྣགས་ན་འབྲས་ལྟར་འགྱུར་བ་ཡིན།། དབྱེ་བ་གློ་མཆིན་མཁལ་མ་ཕོ་ལོང་ལྔ།། དེ་རྟགས་གློ་བའི་སུར་ཡ་མཆེན་མཆནའོག་སྐྲངས།། སྟོད་གཟེར་གློ་མང་མཆིན་པ་མཆིན་སྟེང་སྐྲངས།། སྟོད་གང་ཉལ་བ་མི་ཤེས་མཁལ་མ་ནི།། མཁལ་སྟེང་སྐྲངས་ཤིང་དྲི་ཆུ་སྲི་བ་ཡིན།། ཕོ་ལོང་སྦོ་འཁྲོག་བྱེད་ཅིང་སྟེང་དུ་སྐྲངས།། ཀུན་ཀྱང་སྨིན་ནས་རྣག་ཁྲག་ཤེ་རུལ་འཛག། སྐབས་སུ་གསོག་ཅིང་གློ་སློང་ལྡང་བར་བྱེད།། བཅོས་ཐབས་འབྱེད་ཐང་བཏང་རྗེས་མང་དུ་གཏར།། དེ་འོག་ལྟོ་དང་རྩ་ནས་དག་པར་སྦྱང་།། བྲག་ཞུན་འོམ་བུའི་ཁཎྡྲི་དམིགས་ལ་བྱུག། བདུད་རྩི་ལྔ་ཡི་ལུམས་ཀྱིས་སྐྲངས་པ་འདུལ།། ཡང་ན་མེ་ཏོག་སྣ་ཚོགས་ལུམས་སུ་གཞུག། མ་ཞི་འབམ་པོ་བྱ་བྲ་སྤྲུ་མ་ཡི།། ལུམས་ཀྱིས་རྣག་ཏུ་བཀུག་ལ་སྨིན་ནས་བརྟོལ།། སྦང་མའི་འཇིབས་བྱ་ཧྲེམ་ན་ལུམས་དང་སྤེལ།། རྣག་འབྱམས་དངུལ་ཆུའི་རིལ་བུས་སྐེམ་པ་དང་།། གར་བབས་གནས་དང་སྦྱར་བའི་ཕྱེ་མ་སྦྱར།། འབའ་སམ་མར་ལ་རྭ་སྣ་མཁྲིས་སྣ་དང་།། བཟང་དྲུག་སྦྲང་དང་སྦྱར་བས་སྐེམ་པར་བྱེད།། རྩ་སྒོ་རྨ་ཡི་སྟེང་དུ་མེ་བཙས་མནན།། ཞེས་གསུངས་སོ།། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་སུར་ཡའི་ནད་བཅོས་པའི་ལེའུ་སྟེ་དྲུག་ཅུ་རྩ་དྲུག་པའོ།། །།

X