//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > གསོ་རིག་རྒྱུད་བཞི། > མན་ངག་རྒྱུད། > ནང་དོན།

ལེའུ་རེ་བརྒྱད་པ། རླིག་རླུགས་གསོ་བ།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-26 17:05:06 ཀློག་གྲངས། 6 

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ།། ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག། རླིག་རླུགས་ནད་ལ་རྒྱུ་རྐྱེན་དབྱེ་བ་དང་།། རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།། རྒྱུ་རྐྱེན་ཟས་སྤྱོད་གདོན་དང་ཐུར་སེལ་འཁྲུགས།། ལམ་ལོག་རླིག་པར་ཞུགས་ཏེ་སྐྲངས་པར་བྱེད།། དབྱེ་བ་རླུང་མཁྲིས་བད་ཀན་ཚིལ་གྱུར་དང་།། གཅིན་ལས་གྱུར་དང་རྒྱུ་རླུགས་དྲུག་ཏུ་བཤད།། དེ་རྟགས་རླུང་གྱུར་གློ་བུར་གང་རྒྱས་ན།། མཁྲིས་གྱུར་དམར་ཞིང་ཚ་ལ་དྲོད་ཆེ་རྣག། བད་ཀན་ཟུག་ཆུང་གྲང་ཞིང་ལྕི་ལ་སྲ།། ཚིལ་གྱུར་གྲང་ཞིང་འཇམ་ལ་རྣག་པ་དཀའ།། གཅིན་གྱུར་རླིག་འོག་འཁོར་སྐྲངས་རྐྱལ་ཆུ་འདྲ།། རྒྱུ་རླུགས་རླུང་གིས་རྒྱུ་མ་དཀྲུགས་གྱུར་ཏེ།། སྣེ་ས་རླིག་པར་འཕུལ་ལ་སྦོ་ཞིང་གཟེར།། སྒྲ་དང་བཅས་ཤིང་བཅུག་ཀྱང་སླར་འབྱུང་འགྱུར།། བཅོས་ཐབས་རླུང་གྱུར་ཤིང་མངར་འཇམ་རྩི་བཏང་།། སྣུམ་དུགས་བསྐུ་མཉེ་སྨན་མར་རྗེས་ལ་སྦྱར།། མཁྲིས་གྱུར་ལུམས་གཏར་སྨིན་གྱུར་རྨ་ལྟར་གསོ།། བད་ཀན་སྐྱེར་པ་སྦྲང་བླུད་བཅོ་བརྒྱད་བསྲེག། ལུམས་དུགས་སྨིན་བྱ་རྣག་ནས་རྨ་ཁྲུས་བྱ།། ཚིལ་གྱུར་བྱེ་རུག་བརྒྱད་པའི་ལུམས་ཀྱིས་བདུག། སྲུབས་མེད་ལྤགས་དྲལ་ཚིལ་ཕྱུང་རྨ་བཀྲུས་བཙེམ།།ལྡོང་རོས་སུག་སྨེལ་སྤོས་དཀར་པི་པི་ལིང་།། གོ་ཕྱེ་ཏིལ་མར་བྱུག་ཅིང་སྣུམ་དུགས་བྱ།། གཅིན་གྱུར་ལྷུང་སར་ཕུག་ལ་རྨ་ལྟར་གསོ།། སྒོ་ང་སྐྲངས་ན་རྩ་ཡི་ཐག་པ་བསྲེག། རྒྱུ་རླུགས་རྩ་བ་ལྔ་ཡིས་སྨན་མར་སྦྱར།། འཇམ་རྩི་དུགས་བསྟེན་ནང་བཅུག་རྒྱུ་ལམ་བསྲེག། མ་ཞི་སྲིན་ལག་རྒྱུས་པ་བཅད་ལ་བསྲེག། ཅེས་གསུངས་སོ།། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རླིག་རླུགས་གསོ་བའི་ལེའུ་སྟེ་དྲུག་ཅུ་རྩ་བརྒྱད་པའོ།། །།

X