//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > གསོ་རིག་རྒྱུད་བཞི། > མན་ངག་རྒྱུད། > ནང་དོན།

ལེའུ་བདུན་ཅུ་པ། མཚན་བར་རྡོལ་བ་གསོ་བ།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-26 17:17:24 ཀློག་གྲངས། 5 

      དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ།། ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག། མཚན་བར་རྡོལ་ལ་རྒྱུ་རྐྱེན་དབྱེ་བ་དང་།། རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།། རྒྱུ་ནི་སྟན་སྲབ་ཙོག་པུར་འདུག་པ་དང་།། བཞོན་སྟན་རླན་སྟེང་ཡུན་རིང་འདུག་ལས་འབྱུང་།། དབྱེ་བ་རྐྱང་པ་ལྡན་འདུས་གསུམ་དུ་བཤད།། དེ་རྟགས་མཚན་དབྲག་འབྲུམ་ཐོར་ཆུ་སེར་འཛག། སྨིན་ནས་རྣག་ཁྲག་སྲིན་འཛག་འཚོར་མི་འདོད།། ཞི་ཡང་སླར་ལྡང་བཤང་གཅི་ཁུ་ཁྲག་འཛག། རླུང་གྱུར་ཁ་མང་ལྦུ་ཅན་སླ་བ་འཛག། མཁྲིས་པ་དམར་ཚ་བད་ཀན་ལས་གྱུར་གཡའ།། རླུང་མཁྲིས་དམར་མཆེད་བད་རླུང་སྨིན་དཀའ་ནག། བད་མཁྲིས་ཚ་སྐྲངས་འདུས་པ་ནད་ཚབས་ཆེ།། གསོ་ཐབས་གསར་དུས་གཏར་ཞིང་ཐོར་པ་བརྟོལ།། རྟ་སྦངས་དུགས་བྱ་ནི་རུ་ཧ་ཡིས་དྲང་།། རྙིངས་ནས་ལྟོས་སྦྱངས་ཆུ་ཚན་ནང་དུ་སྤྱིང་།། འབྲས་གསུམ་བྱི་ལའི་རུས་པ་རྨ་ལ་བྱུག། བྱི་ཏང་ག་དང་ར་གསུམ་པི་པི་ལིང་།། ཙི་ཏྲ་ཀ་དང་སྦྲང་རྩི་མར་སྦྱར་བཟའ།། སླེ་ཏྲེས་སུག་སྨེལ་བྱི་ཏང་དུག་མོ་ཉུང་།། བ་རུ་ཨ་རུ་སྐྱུ་རུ་སྤོས་དཀར་རྣམས།། རིམ་པས་བསྐྱེད་ལ་སྦྲང་སྦྱར་བཟའ་བར་བྱ།། དུག་ཉུང་པི་པི་ལིང་དང་ཙི་ཏྲ་ཀ། བྱི་ཏང་ག་རྣམས་འབྲས་བུ་གསུམ་གྱི་ཕྱེད།། ཀུན་དང་སྤོས་དཀར་མཉམས་ཏེ་སྦྲང་སྦྱར་བཟའ།། གུ་གུལ་པི་པི་ལིང་དང་འབྲས་བུ་གསུམ།། ཤིང་ཚ་སུག་སྨེལ་སྦྲང་རྩི་སྦྱར་བ་བཏང་།། སྨན་གྱིས་ཞི་དཀའ་བཅད་དེ་བསྲེག་པར་བྱ།། ཟས་དང་སྤྱོད་ལམ་འདུ་བའི་རིགས་དང་བསྟུན།། ཞེས་གསུངས་སོ།། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་མཚན་བར་རྡོལ་བ་གསོ་བའི་སྟེ་བདུན་ཅུ་པའོ།། །།

X