//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > གསོ་རིག་རྒྱུད་བཞི། > མན་ངག་རྒྱུད། > ནང་དོན།

ལེའུ་དོན་དགུ་པ། བརྗེད་བྱེད་ཀྱི་ནད་གསོ་བ།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-27 9:35:08 ཀློག་གྲངས། 16 

      དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ།། ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག། བརྗེད་བྱེད་དབྱེ་བ་རྟགས་དང་བཅོས་ཐབས་གསུམ།། དབྱེ་བ་རླུང་མཁྲིས་བད་ཀན་དུག་གདོན་ལྔ།། དེ་རྟགས་བྱུང་ཚུལ་སྙིང་འདར་མགོ་བོ་འཐོམ།། རྔུལ་འབྱུང་སྦོ་ཞིང་སྟོབས་ཆུང་རུས་ཤིང་ན།། ཁ་ཆུ་སྣ་ཆུ་མང་ཞིང་ནད་ལངས་དུས།། འགྱེལ་ཞིང་སོ་འཆའ་རྐང་ལག་གཡབ་པ་དང་།། ལྦུ་བར་སྐྱུག་ཅིང་མུན་པར་ཞུགས་སྙམ་སེམ།། རླུང་གྱུར་རྐང་ལག་འདར་རེངས་ཡང་ཡང་ལྡང་།། མཁྲིས་པ་བཞིན་སེར་ཁ་སྐམ་ཞུ་དུས་ལྡང་།། བད་ཀན་ཚིགས་རིང་ཁྱད་པར་ཁ་ཆུ་མང་།། དུག་གྱུར་ནད་རྟགས་མི་གསལ་ཤེས་པ་འཁྲུལ།། གདོན་གྱུར་སྔར་བས་སྤྱོད་པ་གཞན་དུ་འགྱུར།། བཅོས་ཐབས་ནི་རུ་ཧ་དང་སྣ་བཤལ་དང་།། སྐྱུགས་ཁྲུས་རྣོ་བས་བུ་ག་དག་པར་སྦྱང་།། འུག་པ་བྱ་རོག་བྱ་རྒོད་ཟེར་མོ་སྦྲུལ།། ཁྱི་སྤྲེ་རྟ་ཡི་ཆུ་སྒྲོ་བྲུན་དུད་བདུག། བ་སེར་མཁྲིས་པའི་ཁུ་བ་སྣ་སྨན་བཏང་།། ཤུ་དག་རུ་རྟ་མར་རྙིང་སྦྲང་སྦྱར་བྱིན།། བོག་ཡུན་རིང་ན་སོར་མོ་ཉི་ཤུ་བསྲེག། འཇམ་རྩི་བུར་ཆང་བཏང་ཞིང་རླུང་གསང་བསྲོ།། སྲོག་རྩ་མྱོས་བྱེད་གསང་ལ་མེ་ཐུར་བྱ།། བྱེ་བྲག་གསོ་བ་སྨྱོ་བྱེད་དག་དང་འདྲ།། སྤྱིར་ན་སྨྱོ་བྱེད་བརྗེད་བྱེད་གང་ལ་ཡང་།། ཁྲག་མཁྲིས་ཚ་བའི་ཕུགས་བཅས་བཅོས་མི་ལེན།། དེ་ཕྱིར་ཚ་བ་དག་པར་སྦྱང་བྱ་སྟེ།། དེ་འོག་ཟས་སྨན་དྲོད་བཅུད་མེ་ཐུར་བྱ།། སྨྱོ་དང་བརྗེད་བྱེད་ཕལ་ཆེར་གདོན་གྱུར་པས།། བསྐང་བཤགས་ཁྲུས་གཏོར་བདེན་བདར་ཞི་བས་བསྟེན།། ཆུ་གཏོར་ཀླུ་ཆོག་གཏོར་མས་བྲིད་ལ་བཅོས།། ཐ་མ་དྲག་པོའི་ལས་ཀྱིས་མཐའ་རུ་བསྐྱལ།། ཞེས་གསུངས་སོ།། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་བརྗེད་བྱེད་ཀྱི་ནད་གསོ་བའི་ལེའུ་སྟེ་བདུན་ཅུ་རྩ་དགུ་པའོ།། །།ལེའུ་བརྒྱད་ཅུ་པ། གཟའི་གདོན་ནད་བཅོས་པ།དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ།། ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག། གཟའ་ཡི་གདོན་ལ་འཛིན་དུས་བརྟག་ཐབས་དང་།། བསྲུང་བ་བཅོས་ཐབས་ཕྱིར་མི་ལྡོག་པ་འོ།། འཛིན་དུས་ཚེས་བཞི་བརྒྱད་དམ་བཅུ་གཅིག་དང་།། བཅོ་ལྔ་བཅོ་བརྒྱད་ཉི་ཤུ་གཉིས་དང་ལྔ།། ཉི་ཤུ་དགུ་དང་རྒྱུ་དུས་བརྒྱད་ལ་འཛིན།། བརྟག་ཐབས་སྤྱི་དང་ཁྱད་པར་སྤང་བླང་བརྟག། སྤྱི་རྟགས་གཞོགས་བཤལ་མིག་རྩ་གྲུང་བ་དང་།། ཁ་ལྐུགས་ཁ་སླེ་ངུ་དང་དགོད་པར་བྱེད།། ཁྱད་པར་བརྟག་པ་མེ་གཟའ་ཆུ་གཟའ་གཉིས།། མེ་གཟའ་གཞོགས་གཡས་ལ་ཕོག་ལྕེ་གཡས་ཐུང་།། ཚ་བ་ཆེ་ཞིང་སེན་མོ་གཞོབ་རོག་འོང་།། ཆུ་གཟའ་གཡོན་ལ་ཕོག་ཅིང་ལྕེ་གཡོན་ཐུང་།། ལུས་ཀུན་དྲོད་དང་བྲལ་ཞིང་ཆུ་རྒྱུས་གྱོང་།། སྤང་བླང་བརྟག་པ་ཉི་ཤུ་དགུ་ལ་ཟིན།། ཕོག་མ་ཐག་ཏུ་སྐྱུག་ཅིང་ལྐུགས་པ་དང་།། སྙིང་གར་ཆུ་ལྕག་རྒྱབ་པས་མི་དངང་དང་།། མིག་འཛུམ་མི་ཤེས་དྲུག་ཅུ་ཡར་འདས་པ།། གསོས་ཀྱང་སོས་པར་མི་འགྱུར་སྤང་བར་བྱ།། བསྲུང་བ་རང་དང་ནད་པ་སྲུང་བ་གཉིས།། རང་གི་སྲུང་བ་སྐེ་ཚེ་དཀར་ཁྲ་མེན།། རྨིགས་པོའི་ཤ་ལ་སྔགས་བཟླས་ལུས་ལ་བཅང་།། ཨེཾ་བ་ར་ཙ་ཀྲ་རཱ་ཧུ་ལ་སྲོཾ་ཧྭོ། ཨེཾ་ཧཱིཾ་སུ་ལི་ཧཱིཾ་སུ་ལི་ཏིང་བྲི་དུ་སུ་སུ་མེ་མེ་ཤིག་ཤིག་སྲོཾ་ཧྭོ།། ཨེཾ་སྟུམ་པོ་ལི་སྟུམ་པོ་ལི་ཏིང་བྷིམ་ཏུམ་བྷེ་སུ་སུ་མེ་མེ་ཤིག་ཤིག་སྲོཾ་ཧྭོ། བློ་ལ་མ་བརྗེད་གནས་པས་གཟའ་གདོན་ཐུབ།། ནད་པའི་སྲུང་བ་རིང་བསྲེལ་དཀར་ཁྲ་མེན།། རྨ་བྱ་བྱ་རོག་སྙིང་ཁྲག་ལུས་ལ་བཅང་།། གུ་གུལ་དཀར་ནག་ཡུགས་སའི་དོར་རྟ་ལ།། ཐུམ་པོ་བྱས་ལ་གཡོན་གྱི་ངོས་སུ་གདགས།། བཟང་དྲུག་གླ་རྩི་སྒོག་ཐལ་མར་གསར་བྱུག། རྒྱུ་དུས་ནད་པའི་མལ་དུ་ཕུག་རོན་གཞུག། ཨེཾ་ཏྲི་ཁྱེ་ད་བཾ་ཧཱིཾ།། སྡོད་པའི་གྱང་ངམ་ཐོག་ལ་བྲིས་པས་ཐུབ།། བཅོས་ཐབས་བཙོན་དུ་བཟུང་དང་དངངས་སུ་གཞུག། ཟས་དང་སྤྱོད་ལམ་ཁྲུས་སུ་གཟའ་ཆོག་བྱ།། ཟིན་པའི་མོད་ལ་བཙོན་དུ་བཟུང་བྱ་སྟེ།། ཡུགས་སའི་ཞབས་མས་ནད་པའི་མགོ་ཕུར་ལ།། ཀེ་ཏ་བཟླས་ཤིང་གུ་གུལ་དུ་བས་བདུག། གུ་གུལ་ཆུར་སྦྱངས་སྔགས་བཏབ་ཁོང་དུ་བཏང་།། སྒོག་ཐལ་གངས་ཐིགས་རྡོ་མཁྲིས་དྲི་ཆུ་སྦྱར།། ལུས་ལ་བྱུགས་པས་འཁོར་ལ་འཕྲོ་མི་འགྱུར།། དེ་ནས་དངངས་སུ་གཞུག་པ་མེ་གཟའ་ལ།། ཉི་གྲིབ་མཚམས་སུ་ནད་པ་ཙོག་པུར་བཞག། སྟེང་ནས་ཆུ་རྫ་བདུན་གྱིས་བསྟུད་ལ་བྲན།། རྒྱབ་ནས་དུང་འབུད་བྲོས་ན་སྔར་ཤུལ་དབུལ།། ཆུ་གཟས་ཟིན་ན་ཐ་མ་མེ་ཡིས་བསྐོར།། བྲོས་ན་མདའ་བཀང་དྲི་ཐོགས་རྒྱོབ་སོད་བསྡིགས།། དེས་ཀྱང་མ་སོས་ནད་པ་མཐོང་ཀར་བཞག། འོག་ཏུ་སོག་འབོལ་སྟེང་དུ་གོས་བཏིང་ལ།། དུང་འབུད་པ་དང་བསྐྱུར་བ་དུས་གཅིག་བྱ།། ཁ་ཟས་ཆང་དང་མར་རྙིང་ཤ་ཁྲག་སྤང་།། སྦྲང་དང་མར་གསར་ཞོ་དར་དཀར་ཆོས་བསྟེན།། སྤོས་དཀར་སྦྲང་དང་སྦྱར་བ་ཁོང་དུ་བཏང་།། སྤྱོད་ལམ་མི་གཙང་གྲིབ་འཛེམ་མེ་ཉི་སྤང་།། མི་ཡིས་མི་ལབ་མི་ཅོལ་སྙན་ཚིག་སྨྲ།། ཁྲུས་ཆུ་ག་བུར་གི་ཝཾ་བཟང་པོ་དྲུག། ཙན་དན་གླ་རྩི་སྤོས་དཀར་དྲི་ཆུས་བཀྲུ།། ཡང་ན་དེ་རྣམས་སྒོག་སྐྱ་ནུས་ལྡན་བསྲེགས།། ཆང་དང་སྦྱར་ལ་ལུས་ཀུན་ཡང་ཡང་བཀྲུ།། རྣམ་འཇོམས་ལ་སོགས་ཁྲུས་ཆུས་བཀྲུ་བ་བསྔགས།། གཟའ་ཆོག་གཏོར་མ་བྱིན་དང་བྱད་དགྲོལ་གཉིས།། གང་ཡང་དང་པོ་ཀླུ་ཆོག་རྒྱབ་བཅོས་ལ།། དེ་རྗེས་དཀར་གཏོར་ཞིག་དང་དམར་གཏོར་ཞིག། སྔགས་དང་ཕྱག་རྒྱས་བྱིན་བརླབས་གུ་གུལ་གྱིས།། ནད་པར་བདུག་ཅིང་ཀེ་ཏ་མང་དུ་བཟླས།། ཨེཾ་ཀེ་ཏ་ཀེ་ཏ་སྲོཾ་ཧྭོ། དེ་རྗེས་སྔགས་ཀྱིས་གཟའ་ལ་གཏོར་མ་བྱིན།། སྨྲང་གིས་བཀྲོལ་ལ་གཏོར་མ་སྐྱེལ་དུ་བཏང་།། དེ་ཤུལ་ནད་པ་དེ་དང་རྒྱབ་སྤྲད་ལ།། སྟེ་འུ་ཤུག་པ་ལ་བརྡེག་གཏམ་ཁ་དྲི།། དེ་ཡི་ནུབ་མོ་གཟའ་ཡི་བྱད་དགྲོལ་ཏེ།། སླ་ང་ཆུ་ཡིས་བཀང་པའི་ཁ་གདང་དུ།། གཟའ་བརྒྱད་གཟུགས་ལ་ཁ་དོག་སོ་སོར་བསྒྱུརཤར་དུ་གཟའ་ཉི་མ་སྐུ་མདོག་དམར་པོ་ཕྱག་ན་པདྨ་བསྣམས་པ། ལྷོར་ཕུར་བུ་སེར་པོ་པུ་ཏི། ནུབ་ཏུ་ཟླ་བ་དཀར་པོ་ཀུ་མུད། བྱང་དུ་ལྷག་པ་སེར་པོ་ཨུཏྦལ། ཤར་ལྷོར་མིག་དམར་དམར་པོ་མེ་དཔུང་། ལྷོ་ནུབ་ཏུ་རཱ་ཧུ་ལ་ནག་པོ་བུམ་པ། ནུབ་བྱང་དུ་པ་བ་སངས་དཀར་པོ་པདྨ། བྱང་ཤར་དུ་སྤེན་པ་སྔོན་པོ་དབྱུག་པ་བསྣམས་པའོ།། ཁ་གདངས་ཆུ་ཡི་ནང་དུ་བསྟན་ལ་བཞག རང་རང་མིང་དང་སྙིང་པོ་བྲིས་ལ་གླན།། ནད་པ་བྱད་ཐག་བཏགས་ལ་གཟུགས་དང་སྦྲེལ།། སླ་ངའི་ཕྱོགས་བཞིར་མར་མེ་བཞི་བཏང་ལ།། ཨེཾ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་སྲོཾ་ཧྭོ། བརྒྱ་རྩ་བཟླས་ལ་བྱད་བཀྲོལ་བྱད་ཐག་བཅད།། ཡག་ཤཾ་ཕཊ། དུར་ཤཾ་ཕཊ། སེ་ཤཾ་ཕཊ། ཕག་ཤཾ་ཕཊ། ཕེ་ཤཾ་ཕཊ། ཕེར་ཤཾ་ཕཊ། ཤར་ཤཾ་ཕཊ། ཏྲག་ཤཾ་ཕཊ། ཙ་ཤཾ་ཕཊ། བརྒྱ་རྩ་བཟླས་ཤིང་ཉི་མ་ཟླ་བ་དང་།། མིག་དམར་ལྷག་པ་ཕུར་བུ་པ་ཝ་སངས།། སྤེན་པ་རཱ་ཧུ་ལ་བརྒྱད་སྨྲང་གིས་བཀྲོལ།། བྱད་ཐག་བཅད་དེ་ཆུ་ཡི་ནང་དུ་བསྐྱུར།། རྫ་སྣོད་བྱོ་ལ་ཐོ་རངས་ཆུ་གཞུང་བསྐྱལ།། རྒྱུ་དུས་བརྒྱད་ལ་གཟའ་ཆོག་ཐེབས་རེ་བྱ།། མི་ལྡོག་ཐབས་ལ་ཟིན་ནས་ཞག་བདུན་ནས།། ཀླུ་བརྒྱད་བྱས་ཏེ་ཟིན་དུས་རྒྱུ་ཕྱོགས་སུ།། བོང་བུ་ཕུག་རོན་གླུད་དུ་བྱས་ཏེ་བཏང་།། ནད་པ་སོས་རྗེས་ཕ་ཝཾ་ཆོ་ལོང་དང་།། དཀར་ཁྲ་མེན་དང་བཟླས་ཡུངས་སྐེ་རུ་གདགས།། དེ་ཡིས་ཕྱིར་མི་ལྡོག་པར་ངེས་པ་ཡིན།། ཞེས་གསུངས་སོ།། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གཟའི་གདོན་ནད་བཅོས་པའི་ལེའུ་སྟེ་བརྒྱད་ཅུ་པའོ།། །།

X