//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > གསོ་རིག་རྒྱུད་བཞི། > མན་ངག་རྒྱུད། > ནང་དོན།

ལེའུ་གྱ་བཞི་པ། སྐེའི་རྨ་གསོ་བ།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-27 10:15:33 ཀློག་གྲངས། 3 

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ།། ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས།། ཡན་ལག་བྱང་ཁོག་མགོ་ལ་མ་གཏོགས་པའི།། སྐེ་ཡི་རྨ་ལ་བཅོས་ཐབས་ཇི་ལྟར་བགྱི།། འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ།། ཞེས་ཞུས་པ་དང་།། དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ།། ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག། སྐེ་ནི་ཡར་གྱི་མགོ་ལ་མི་གཏོགས་ཏེ།། མར་ལ་བྱང་ཁོག་སྟོད་སྨད་ལ་མི་གཏོགས།། ཡན་ལག་རྣམ་པ་བཞི་ལའང་གཏོགས་མ་ཡིན།། སྐེ་ནི་རུས་པའི་མཁར་ལ་རྩ་ཡི་འཕྲང་།། ཤ་དང་ཆུ་རྒྱུས་ཀུན་གྱི་འདྲིལ་ས་ཡིན།། རུས་གཉན་ལྷ་བ་འབྱེར་བས་མགོ་དང་འདྲ།། རྩ་གཉན་རྩ་ཐིགས་གསོག་པས་བྱང་ཁོག་འདྲ།། ཤ་དང་ཆུ་རྒྱུས་གཉན་པས་ཡན་ལག་འདྲ།། དེ་ཕྱིར་གསུམ་འགྱུར་སྐེ་ཡི་བཅོས་ཐབས་བསྟན།། སྐེ་ལ་རུས་པའི་འཕང་ལོང་རྣམ་པ་ལྔ།། ལྟག་པ་མཁར་དང་མཁར་མཚམས་བྱ་འདབས་བཞི།། ལྟག་པ་མཁར་མཚམས་རྒྱུངས་པའི་གནད་ཡིན་ཏེ།། རྒྱུངས་པ་ཟིན་ན་ལྟག་པ་དགྱེ་བོར་འགྲོ།། མགོ་ལྕི་ཁ་ལྕེ་སྐམ་ལ་དྲི་ཆུ་སྡོམ།། མིག་འགྲིབ་སྟོད་གཟེར་སྒྱིད་འཁྲིལ་ཡན་ལག་ཕྲ།། གསོ་བའི་ཐབས་མེད་བདུན་དགུའི་དུས་ན་འཆི།། མཁར་དང་བྱ་འདབས་རྩར་ཟིན་གསོ་དཀའ་སྟེ།། རྒྱ་ཚ་བྱང་པ་རུ་རྟའི་རེང་བུ་གཞུག། རྣག་ཞུགས་རུས་པ་བྲུད་ལ་ལྷ་ཁྲག་སྤྲད།། ཕྱིང་པ་བག་འདག་སྦྱར་བས་ཁ་ཤ་ལྟེམ།། མར་ཚིལ་སྒོ་ང་སྦྱར་བའི་ཁ་ཞུན་བྱ།། ཧོང་ལེན་གླ་སྒང་སེང་ལྡེང་བགྲུངས་ཐང་ངམ།། ཡང་ན་སྟབ་སེང་ཤིང་མངར་བསྡུས་ཐང་བཏང་།། སྐེ་ཡི་རྩ་ལ་ཕྱི་རྩ་ནང་རྩ་གཉིས།། ཕྱི་ཡི་རྩ་ལ་ཁྲག་རྩ་ཆུ་རྩ་གཉིས།། རླུང་ཁྲག་གཉིས་འདོམ་འཕར་རྩ་དག་དང་གསུམ།། འཕར་རྩ་ཨོལ་གོང་མིད་པའི་བར་ན་ཡར།། གློ་བུར་སྙིང་རྩ་གསེར་གྱི་སྐུད་པ་ཡོད།། དེ་ཆོད་རྩིད་བུ་སོ་སྙིང་ཟིན་པ་འདྲ།། ཞག་གྲངས་བཅུ་གཅིག་ཚུན་ཆད་ནང་དུ་འཆི།། ཨོལ་གོང་པ་ཡི་གཡས་གཡོན་འདབས་ན་ཡར།། སྙིང་རྩ་གཉིད་ལོག་རྩེ་འདྲ་རྣམ་གཉིས་ཡོད།། རྩ་དེ་རྦད་ཀྱིས་ཆོད་ན་ཨ་ཅང་ཆེ།། བརྡབས་ཀྱང་ཕོག་སྔ་འགྱེལ་སྔར་འགྲོ་བ་ཡིན།། དེ་ནས་ཕྱིར་ལ་ཕུན་རེ་བཅལ་བ་ན།། སྙིང་རྩ་རྩེ་ནག་རྣམ་པ་གཉིས་ཡོད་དེ།། རྩ་དེ་ཆོད་པར་མ་གྱུར་བཅོས་གླག་ཡོད།། དེ་ནས་ཕྱིར་ལ་ཕུན་རེ་བཅལ་བ་ན།། གློ་སྙིང་བསྡོངས་པའི་ཁྲག་རྩ་ཆེ་ཆུང་ཡོད།། དེ་ཆོད་ཁྲག་མི་ཆོད་དེ་འབོག་ནས་འཆི།།དེ་དག་བཙན་བརྡུངས་འཐེམས་ཆོད་གསོ་བའི་ཐབས།། མོད་དུ་གོང་འོག་མེ་རྒྱས་གདབ་པར་བྱ།། ཁྲག་མ་ཐུབ་ན་རྨ་ལ་རྒྱ་ཁྱིམ་བཅའ།། མི་དང་གླང་དང་ཁྱི་ནག་ཉ་རྩ་མོ།། དོམ་མཁྲིས་ཀ་ར་དཀར་པོ་སྦྱར་ལ་བཏང་།། རླུང་ཆ་ཆེནམ་ཟླ་གྲང་དུས་སྦང་གར་དང་།། ཞུན་མར་སྤོད་ནན་བག་ཕྱེ་བོང་སྤུས་མནན།། རྨ་བུག་ཁོལ་བཏོན་མཁྲིས་སྣ་ཞོ་སྦྱར་བཏང་།། ཚ་བ་རྒྱས་དང་དྲོ་དུས་བསྐོལ་ཞོ་དང་།། བག་ཕྱེ་ཤིང་མངར་སྦྱར་བ་གོང་བཞིན་ནོ།། ལྟག་པ་ཆུ་བའི་གཡས་གཡོན་གཉིས་ན་མར།། ཆུ་རྩ་སྦུ་གུ་ཅན་ཞེས་བྱ་བ་ཡོད།། དེའི་ཕྱིར་མཚོན་གང་ཆུ་རྩ་སྒྲིལ་མ་ཡོད།། དེ་གཉིས་ཆོད་ན་གཡས་གཡོན་སྣེ་བསྣོལ་བྱེད།། གཉའ་རེངས་སྨད་འཕྱེས་དྲི་ཆུ་འགགས་ནས་འཆི།། སྣ་ཤལ་འོག་ན་ཆུ་རྩ་རཏྣ་ཡོད།། དེ་ཆོད་ལག་པ་བཤལ་སྦྲིད་བྱ་བ་ཉམས།། དེ་དག་བཅོས་ཐབས་གོང་འོག་མེ་རྒྱས་གདབ།། རྨ་ལ་ཨ་ས་སྣུམ་ནན་ཚན་དོས་བདུག། སྨད་འཕྱེས་གླ་རིལ་བཙོས་པའི་ལུམས་སུ་གཞུག། གཉའ་རེངས་ལག་པ་ཞ་ན་བདུད་རྩིའི་ལུམས།། དྲི་ཆུ་འགགས་ན་ཆུ་སྨན་ནི་རུས་དྲང་།། ནང་རྩ་བཅུ་གསུམ་ཆོད་ན་དྲི་ཆུ་སྡོམ།། ཡན་ལག་གཅུང་གཅུདལ་བོར་སྙམ་ལོག་པར་འཛིན།། ཁ་ཁ་ལྕེ་སྐམ་གདོང་སྣུམ་མིག་སྤྲིན་སེར།། མགོ་འཁོར་ཟས་སྐྱུག་མཁས་ཀྱང་བཅོས་སུ་མེད།། མདུན་གྱི་རྒྱངས་ཤ་ལས་བྱེད་ཆོད་པ་ན།། ཨ་ས་འོལ་སྐོམ་མར་ཚིལ་དྲོད་བབ་མནན།། ཧྲེམ་ན་ཨ་ས་བ་དང་ཚོས་ལུམས་བྱ།། ཧྲེམ་མེད་སྐྲངས་ན་གོང་གི་ཆས་དང་འདྲ།། ཨོལ་གོང་མིད་པ་རྐེད་དུ་ཆད་ན་འཆི།། གཤགས་ན་མཁྲིས་པ་བཏབ་ལ་རྒྱུས་པས་བཙེམ།། སྐྱི་དཀར་སྤྱིན་ཆུ་བག་འདག་ཕྱིང་པ་ལྟེམ།། ཟས་སྐོམ་བསིལ་ལ་འཇམ་པའི་ནུར་ཐུག་བཏང་།། ཨོང་གོང་རླུང་ཤོ་སྐྲངས་ན་དཀར་ནག་མཚམས།། སྔོན་བུ་སྤྱི་གཙུག་གསེར་གྱིས་བསྲེག་པར་བྱ།། ལྟག་པའི་ཆུ་ལེབ་ཆོད་ན་ཨ་ཅང་ཆེ།། གཤགས་ཀྱང་ཕོག་སྔ་འགྱེལ་སྔར་འགྲོ་བ་ཡིན།། ལུས་པོ་ཐག་པས་གཅུང་གཅུདལ་བོར་བ་འདྲ།། མཁྲིས་སྣ་རྡོ་རྒྱུས་ཤུ་དག་ཨ་རུའི་ཐལ།། ཁུར་ཞོ་ཁྱེ་འཐུང་ནུ་ཞོའི་ལྡེ་གུ་ཡིས།། ཆུ་བའི་ཉྭ་གཡོག་སྐྱི་དཀར་སྤྱིན་ཆུས་ལྟེམ།། རྨ་ཡི་འཇིབ་རྩིར་ཕྲུམ་སར་བཏང་པར་བྱ།། ཉལ་འདྲེས་མི་བྱ་ཙོག་གེ་བསྡད་ལ་གསོ།། མདོར་ན་རུས་པ་མགོ་ཡི་ཚུལ་དུ་བཅོས།། རྩ་གཉན་བྱང་ཁོག་ཚུལ་དུ་བཅོས་པར་བྱ།། ཤ་དང་ཆུ་རྒྱུས་ཡན་ལག་ཚུལ་དུ་བཅོས།། བསིལ་འཇིབ་དྲགས་ན་དྲི་ཆུ་སྡོམ་པར་བྱེད།། དྲོད་ལུམས་དྲགས་ན་རྩ་ཁ་འབུ་བར་བྱེད།། མེ་བཙའ་དྲགས་ན་ཆུ་རྒྱུས་འཁུམས་པས་ན།། དེ་ཕྱིར་གསུམ་འཛོམ་བསིལ་དྲོད་སྙོམས་པར་བཅོས།། ཞེས་གསུངས་སོ།། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་སྐེའི་རྨ་གསོ་བའི་ལེའུ་སྟེ་བརྒྱད་ཅུ་རྩ་བཞི་པའོ།། །།

X