//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > གསོ་རིག་རྒྱུད་བཞི། > ཕྱི་མ་རྒྱུད། > ནང་དོན།

ལེའུ་དྲུག་པ། ལྡེ་གུའི་སྡེ་ཚན་བསྟན་པ།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-27 15:57:56 ཀློག་གྲངས། 12 

      དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ།། ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིགལྡེ་གུའི་སྡེ་ཚན་ཚ་སེལ་གྲང་སེལ་གཉིས།། ཚ་སེལ་སོ་མ་ར་ཛ་ཨ་རུ་ར།། བསིལ་གསུམ་འདམ་བུ་ཤིང་མངར་ལྕགས་ཀྱི་ཕྱེ།། ཀ་ར་མར་གསར་ལྡེ་གུ་བྱས་པ་ཡིས།། གློ་མཆིན་ཚ་བ་རྙིངས་རྙོགས་སེལ་བར་བྱེད།། ཏིག་ཏ་གསེར་གྱི་མེ་ཏོག་བོང་ང་དཀར།། མ་ནུ་པི་པི་ལིང་དང་བ་ལེ་ཀ། སྦྲང་རྩིའི་ལྡེ་གུས་མཁྲིས་པའི་གློ་ནད་དང་།། ཆང་ནད་མཁྲིས་པར་སྐྱུག་དང་མགོ་ནད་སེལ།། གུར་གུམ་མཚལ་དང་མཁྲིས་པ་སྣ་ཚོགས་དང་།། གེ་སར་གསུམ་དང་མར་གསར་སྦྲང་ལ་སྦྱར།། གློ་མཆིན་ཟླ་མཚན་རྨ་རྙིང་སྣ་ཁྲག་གཅོད།། བྲག་ཞུན་ཨ་རུ་ར་དང་བ་ཤ་ཀ། གུར་གུམ་སྦྲང་རྩིས་མཆིན་ཁྲག་དྲེག་ནད་སེལ།། ཙན་དན་ཨུཏྦལ་གུར་གུམ་སྐྱུ་རུ་ར།། ཀ་ར་སྦྲང་སྦྱར་མཁྲིས་སྐྱུག་གློ་ནད་སེལ།། རླུང་ལྡན་མར་གསར་བད་ལྡན་ག་དུར་སྡེབ།། ཨ་རུ་རྒྱ་སྐྱེགས་བཙོད་དང་འབྲི་མོག་རྩི།། བསིལ་གསུམ་འདམ་བུ་ཤིང་མངར་ལི་ག་དུར།། ཀ་ར་མར་གསར་སྦྲང་གི་ལྡེ་གུ་ཡིས།། ལུད་པ་ཤེ་རུལ་རྣག་ཁྲག་གློ་རྡོལ་སེལ།། འབྲས་བུ་གསུམ་དང་ཨ་བ་ལྕགས་ཕྱེ་དང་།། གོ་སྙོད་ཤིང་མངར་མར་གསར་ཀ་ར་སྦྲང་།། ལྡེ་གུས་མིག་ནད་དམར་ཚག་རབ་རིབ་འཇོམས།། བསེ་རུ་མཁྲིས་པའི་ལྡེ་གུས་གློ་རྣག་སྐེམ།། ཙན་དན་དམར་པོ་སྐྱེར་པ་ཨ་རུ་རའི།། ལྡེ་གུས་ཚད་རྙིང་ཆུ་སེར་ལྡན་པ་སེལ།། མཚལ་དང་རྒྱ་སྐྱེགས་དོམ་མཁྲིས་ལྡེ་གུ་ཡིས།། རྟག་ཏུ་ཟླ་མཚན་འཛག་པ་གཅོད་པར་བྱེད།། ཅུ་གང་གུར་གུམ་ལི་ཤི་ཨ་རུ་ར།། སུག་སྨེལ་མར་གསར་ལྡེ་གུས་རབ་རིབ་སེལ།། ཚད་ནད་རྙིངས་རྙོགས་དུག་ནད་ཞི་བར་བྱེད།། བསིལ་བཞི་ཙན་དན་དཀར་དམར་རུ་རྟ་སྦྲང་།། མར་གསར་ལྡེ་གུས་བུ་ཆུང་གློ་ནད་སེལ།། མཆིན་པ་སྣ་ཚོགས་མ་རུལ་གུར་གུམ་དང་།། མར་གསར་སྦྲང་སྦྱར་མིག་ནད་མཆིན་ནད་སེལ།། གྲང་སེལ་ཚ་བ་གསུམ་དང་འབྲས་བུ་གསུམ།། ཙི་ཏྲ་བྱི་ཏང་ག་དང་ལི་ག་དུར།། རིམ་པས་ཆ་བསྐྱེད་ལྕགས་ཕྱེ་སྤོས་དཀར་བརྒྱད།། སྦྲང་སྦྱར་མིག་སེར་སྐྱ་རྦབ་གཞང་འབྲུམ་འཇོམས།། རྒྱ་ཚ་གླ་རྩི་སྡིག་སྲིན་ཚ་བ་གསུམ།། མཐིང་ཤུན་མོ་རྡེ་ཉི་དགའ་འབྲས་སྣ་གསུམ།། བུ་རམ་མར་སྦྱར་མཁལ་ནད་ཆུ་སྲི་སེལ།། ཤིང་ཚ་སུག་སྨེལ་དྲོད་སྨན་ཅུ་གང་དང་།། ཀ་ར་རིམ་བསྐྱེད་མར་གསར་སྦྲང་ལྡེ་གུ།། བད་ཀན་གློ་ནད་འཇབ་འཇིབ་ལུ་ལ་བསྔགས།། མ་ནུ་རུ་རྟ་སྒེ་གཤེར་འབྲས་བུ་གསུམ།། ག་དུར་པི་པི་ལིང་དང་སྦྲང་རྩི་སྦྱར།། དབུགས་མི་བདེ་དང་བད་རླུང་གློ་ནད་སེལ།། སེ་འབྲུ་ཤིང་ཚ་སུག་སྨེལ་ཚ་བ་གསུམ།། ཁ་རུ་ཚ་དང་རུ་རྟ་ཙི་ཏྲ་ཀ། གཟེ་མ་བུར་སྦྱར་སྐྱ་རྦབ་རླུང་ཚབས་དང་།། མཁལ་མ་ཕོ་བ་རྒྱུ་ལོང་གྲང་བ་སེལ།། དེ་སོགས་ལྡེ་གུའི་སྦྱར་ཐབས་སྦྲང་ཆུ་བཅད།། བུ་རམ་ཆུར་བསྡུས་མར་གྱི་ལྦུ་རྙིགས་ཕྱུངས།། སྨན་ཀུན་ཞིབ་བཏགས་བསྲེས་ལ་འདྲེས་པར་དཀྲུག། ཀ་ར་ལ་སྦྱོར་ཞིབ་ཏུ་བཏགས་ལ་གདབ།། འཇུ་ཚོད་ལོན་ཙམ་ཁྱེའུ་སུས་བསྟེན་པར་བྱ།། ཞེས་གསུངས་སོ།། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ལྡེ་གུའི་སྡེ་ཚན་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།ལེའུ་བདུན་པ། སྨན་མར་གྱི་སྡེ་ཚན་བསྟན་པ།དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ།། ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིགསྨན་མར་སྡེ་ཚན་ཚ་སེལ་གྲང་སེལ་གཉིས།། ཚ་སེལ་ཏིག་ཏ་ཧོང་ལེན་བ་ཤ་ཀ། སྤང་རྩི་ཀྱི་ལྕེ་ཁུ་བ་ཕྱུངས་པ་ཡི།། དངས་མ་བ་མཛོའི་འོ་མ་མར་གསར་ལ།། སྦྱར་བའི་མར་ཁུར་གུར་གུམ་གེ་སར་གསུམ།། ཀ་ར་སྦྲང་སྦྱར་མིག་སེར་སྐྱ་རྦབ་དང་།། ཆུ་སེར་ལྤགས་ནད་ཚད་རྙིང་རླུང་ལྡན་འདོན།། ཏིག་ཏ་ཀྱི་ལྕེ་བ་དང་སུམ་ཅུ་ཏིག། བ་ལེ་ཀ་དང་འབྲས་བུ་གསུམ་གྱི་མར།། མཆིན་མཁྲིས་སྙིང་གི་ཚ་བ་རྙིངས་པ་སེལ།། ཏིག་ཏ་ནིམ་པ་ཧོང་ལེན་པ་ཏོ་ལ།སྐྱེར་པ་བྱི་ཚེར་ཀྱི་ལྕེ་པར་པ་ཏ།། བསྐོལ་ཁུར་གླ་སྒང་རྩ་མཁྲིས་དུག་མོ་ཉུང་།། ཙན་དན་པི་པི་ལིང་རྣམས་ཕྱེ་མར་སྦྱར།། དེ་ལ་མར་ཕྱུངས་སྦྲང་སྦྱར་མཛེ་ནད་དང་།། ཤ་བཀྲ་མེ་དབལ་ཁོང་འབྲས་མཚན་བར་རྡོལ།། གཞང་འབྲུམ་སྐྱ་རྦབ་སྐོམ་དད་མགོ་འཁོར་སེལ།། ཏིག་ཏ་གསེར་གྱི་མེ་ཏོག་བ་ཤ་ཀ། སྐྱེར་པའི་རྩ་བ་བྲག་ཞུན་བ་ལེ་ཀ། ཀྱི་ལྕེ་པར་པ་ཏ་དང་སུམ་ཅུ་ཏིག། བྱི་ཚེར་དུག་མོ་ཉུང་དང་པུ་ཤེལ་རྩེ།། འབྲས་བུ་གསུམ་གྱི་མར་ལ་ཀ་ར་སྦྱར།། ཚད་པ་རྙིངས་རྙོགས་རྣམས་ཀྱི་བདུད་རྩི་ཡིན།། དེ་དག་ཏིག་ཏ་རབ་འབྲིང་ཐ་མར་རོ།། འབྲས་བུ་གསུམ་བསྡུས་འོ་མ་མར་ལ་བསྡུ།། ཆུ་ཆོད་དངས་མ་ལྕགས་ཕྱེ་ཨ་བ་སྦྲུལ།། གུར་གུམ་གོ་སྙོད་མདུང་རྩེ་གསལ་བྱེད་དགུ།། མིག་འགྲིབས་རབ་རིབ་དམར་ཚག་སྐམ་ཚག་སེལ།། སེང་ལྡེང་ཀྱི་ལྕེ་འབྲས་བུ་གསུམ་གྱི་མར།། སྦྲང་རྩི་ཆུ་སེར་སྨན་གསུམ་པི་པི་ལིང་།། སྦྱར་བ་སེང་ལྡེང་དགུ་ཡི་སྨན་མར་ཏེ།། མཛེ་ནད་དྲེག་གྲུམ་ལུས་ལ་རྒྱས་པ་སེལ།། སེང་ལྡེང་གུ་གུལ་ཐལ་ཀ་རྡོ་རྗེ་དང་།། སོ་མ་ར་ཛ་ཀྱི་ལྕེ་ཨ་གར་ནག། སྐྱེར་ཤུན་མར་ལ་སྦྲང་སྦྱར་སེང་ལྡེང་བདུན། ཆུ་སེར་རྩ་ཚིགས་ལྤགས་ལ་རྒྱས་པ་དང་།། དྲེག་དང་གྲུམ་བུ་མཛེ་ནད་སེལ་བར་བྱེད།། ཨ་རུ་ཆང་སྦངས་ཤ་དང་བསིལ་གསུམ་དང་།། ཤིང་ཚ་ཤིང་མངར་བཅའ་སྒ་གེ་སར་གཉིས།། ག་དུར་མར་ཁུ་སྦྲང་སྦྱར་འབྲི་རྐང་མར།། གློ་ནད་རྒྱས་དང་རུས་རླུང་སྙིང་ཚད་སེལ།། བ་གསར་དམར་ཟལ་ཆུ་དང་ལྕི་བ་དང་།། འོ་མ་ཞོ་དང་མར་ལ་སྦྲང་རྩི་སྦྱར།། བ་ཡི་རྣམ་ལྔའི་སྨན་མར་མཆིན་ནད་རྙིང་།། ཚ་བ་རླུང་ལྡན་ཆུ་སེར་སྐྱ་རྦབ་འཇོམས།། ཨ་གར་ཙན་དན་གུ་གུལ་སྙིང་ཞོ་ཤ། རྒུན་འབྲུམ་མར་ལ་ཀ་རས་ཁ་བླངས་པ།། ཞོ་ཤའི་སྨན་མར་སྙིང་གི་ཚད་པ་འཇོམས།། སྲོ་ལོ་ཨ་རུའི་མར་ལ་ཅུ་གང་དང་།། ཤིང་མངར་སྦྲང་སྦྱར་སྲོ་ལོའི་སྨན་མར་ཏེ།། གློ་རྣག་འབྱམས་དང་གློ་ཡི་ཚད་པ་སེལ།། ཙན་དན་དཀར་དམར་སླེ་ཏྲེས་དུག་མོ་ཉུང་།། གླ་སྒང་ཀཎྡྲི་ཀ་རི་ཀྱི་ལྕེ་བ།། ཧོང་ལེན་སྤང་སྤོས་སྐྱེར་ཤུན་སྐྱུ་རུ་ར།། ཤུག་པའི་མར་ལ་བསིལ་གསུམ་ཀ་ར་སྦྱར།། ཙན་དན་མར་གྱིས་གློ་སྙིང་མཆིན་ཚད་དང་།། རིམས་སྨྱོ་སྟོང་སྐྱུགས་ཚིགས་གཞི་སྐྲངས་པ་སེལ།། འབྲི་མོག་ཚོས་བཙོད་ཨ་རུ་ར་ཡི་མར།། ཀ་ར་སྦྱར་བས་གློ་ཚད་རྣག་ཁྲག་སྐེམ།། གུར་གུམ་མཚལ་དང་གེ་སར་རྣམ་པ་གསུམ།། མཁྲིས་པ་སྣ་ཚོགས་མར་ལ་ཀ་ར་སྦྲང་།། རྩ་རུལ་བུ་ག་དགུ་ནས་ཁྲག་འཛག་གཅོད།། གྲང་སེལ་ཨ་རུ་བར་སྐྱུར་ཕྱེད་ཆ་སྐྱུང་།། བསྡུས་ཁུ་དངས་མ་མར་ཕྱུང་བུ་རམ་སྦྱར།། ཛཱ་ཏི་ཁ་རུ་ཚ་དང་པི་པི་ལིང་།། སུག་སྨེལ་བཅའ་སྒ་ཁ་ཚར་བཏབ་པ་ཡི།། འབྲས་བུ་གསུམ་གྱི་སྨན་མར་རྒས་ཀ་སྲ།། མིག་དང་རྣ་བ་སོ་དང་སྣ་ཡི་ནད།། མགོ་ནད་རྩ་བྱེར་རྣག་འབྱམས་རླུང་ནད་སེལ།། ཁྱད་པར་སྙིང་ལ་རླུང་ཞུགས་འཇོམས་པའི་མཆོག། ར་མཉེ་ཉེ་ཤིང་ལྕ་བ་བ་སྤྲུ་བ།། གཟེ་མ་འབྲི་མར་རྩ་བ་ལྔ་ཡི་མར།། ཚ་ཚྭསྣ་གསུམ་དང་སླེ་ཏྲེས་བཟང་པོ་གསུམ།། བཅའ་སྒ་པི་པི་ལིང་དང་བུ་རམ་སྦྱར།། མཁལ་མའི་གྲང་ནད་རླུང་ཚབས་སེལ་བར་བྱེད།། འབྲས་བུ་གསུམ་དང་རྩ་བ་ལྔ་བསྲེས་པ།། འབའ་སམ་ཞེས་བྱ་སྟོད་སྨད་ཀུན་ལ་བསྔགས།། འབའ་སམ་དེ་ནང་ད་བྱིད་ལུག་ཐུག་འབྲས།། མར་ལ་ཅོང་ཞི་བཅའ་སྒ་པི་པི་ལིང་།། སླེ་ཏྲེས་རྒྱམ་ཚ་སུག་སྨེལ་བྲེ་ག་དང་།། བུ་རམ་སྦྱར་བ་ད་བྱིད་སྐྱིན་གོར་ཏེ།། རོ་ཙ་མཁལ་ནད་ཟ་ཁུ་འདོད་ཉམས་སེལ།། སྒོག་སྐྱ་ཨ་རུ་སྒ་ཡི་སྨན་མར་ལ།། རྒྱམ་ཚ་ཁ་རུ་ཚ་དང་པི་པི་ལིང་།། སུག་སྨེལ་བུ་རམ་བཏབ་པས་ད་རྒན་དང་།། རྒྱུ་ལོང་མཁལ་རྐེད་ནད་དང་རླིག་རླུགས་སེལ།། སྒོག་སྐྱ་སྲང་བརྒྱད་འབྲི་མར་ཆ་མཉམ་སྦྱར།། བཅུ་གཉིས་ནས་ཀྱི་གསེབ་ཏུ་ནུས་པ་བསྐྱེད།། རླུང་ནད་མ་ལུས་ཀུན་སེལ་བཅུད་ལེན་འགྱུར།། བ་སྤྲུ་པི་པི་ལིང་རྩ་འབྲི་མར་སྦྱར།། མོ་གཤམ་བུ་རྙེད་མཆོག་ཏུ་སྐྱིགས་བུ་སེལ།། སེ་འབྲུ་འུ་སུ་དོང་གྲ་ཙི་ཏྲ་ཀ། པི་པི་ལིང་གི་མར་དང་བུ་རམ་སྦྱར།། བཟང་པོ་ལྔ་ཡི་སྨན་མར་བད་རླུང་རྒྱས།། སྐྱ་རྦབ་གཞང་འབྲུམ་མཆེར་ནད་དབུགས་མི་བདེ།། མེ་དྲོད་སྐྱེད་ཅིང་ལུས་ཤ་རྒྱས་པར་བྱེད།། བུད་མེད་བུ་མེད་ལ་ཡང་བུ་རྙེད་འགྱུར།། གཟེ་མ་ཆང་སྦངས་ཚད་ལྡན་ཆུར་བསྡུས་པའི།། མར་ལ་ཁ་རུ་ཚ་དང་ཚ་བ་གསུམ།། རྒྱུ་ལོང་སྦོ་འཁྲོག་མཁལ་རླུང་གཟེར་བ་འཇོམས།། དེ་སོགས་སྨན་མར་མཐའ་དག་སྦྱར་བའི་ཐབས།། འཚོས་པར་བཙོས་ལ་ཁུ་བ་ཡང་ཡང་གདོན།། ཁུ་ཕྱིན་དངས་མ་ཆུ་བྲེ་གསུམ་དུ་བསྡུས།། དེ་ལ་བཞོས་ཐོག་འོ་མ་བྲེ་བཞི་བླུག། དཀྲུག་ཅིང་བཙོས་པས་ཆུ་དེ་འོ་མར་སྟིམ།། དེ་ལ་ཚ་སེལ་བ་ར་མཛོ་ཡི་མར།། གྲང་སེལ་འབྲི་དང་ལུག་མར་རྙིང་པ་གཞུག། འོ་མ་མར་ལ་ཐིམ་པར་བསྡུས་བྱས་ཏེ།། ཆུ་ཆོད་དངས་སྙིགས་བྱེ་ནས་མཛུབ་མོས་ཚུགས།། མེར་བཅུག་སྒྲ་མེད་ཚིགས་མ་དྲིལ་དུ་བཏུབ།། ཆུ་ཆོད་ཚད་ཡིན་ཐལ་ན་ནུས་པ་འཚིག། མ་ཆོད་ཕོ་བས་མི་ཆུན་ནུས་པ་ཆུང་།། ཚད་ལྡན་ཕོག་ལ་ཁུ་བ་གུད་དུ་བཞུར།། དེ་ལ་ཁ་ཚར་སྨན་གདབ་མངར་གསུམ་སྦྱར།། འདྲེས་པར་དཀྲུགས་ལ་ཐོ་རངས་ཁམ་རེ་བཏང་།། རླན་གྲངས་བསེར་བུ་འཇུ་དཀའ་དྲག་ཤུལ་སྤང་།། སྨན་མ་ཞུ་ན་རྒྱམ་ཚ་བཞི་ཐང་བཏང་།། སྨན་ཟད་རྗེས་ལ་ཟས་ཀྱིས་ལུས་ཟུངས་གསོ།། ཞེས་གསུངས་སོ།། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་སྨན་མར་གྱི་སྡེ་ཚན་བསྟན་པའི་ལེའུ་སྟེ་བདུན་པའོ།། །།

X