//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > གསོ་རིག་རྒྱུད་བཞི། > ཕྱི་མ་རྒྱུད། > ནང་དོན།

ལེའུ་དགུ་པ། ཁཎྡྲིའི་སྡེ་ཚན་བསྟན་པ།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-27 16:04:11 ཀློག་གྲངས། 10 

      དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ།། ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིགཁཎྡྲིའི་སྡེ་ཚན་སྦྱར་ཐབས་བསྟན་པར་བྱ།། དང་པོ་འབའ་སམ་ཁཎྡྲི་སྦྱར་བ་ནི།། སྔོ་སྨན་ཐང་སྨན་བསིལ་ཀུན་ཁཎྡྲི་སྦྱར།། རྩི་སྨན་མཁྲིས་སྨན་ཁ་ཚར་བཏབ་པ་ཡིས།། ཚ་བའི་རིགས་སུ་གྱུར་པ་ཐམས་ཅད་སེལ།། སྔོ་ཡི་ཁཎྡྲི་བསིལ་གྱི་སྔོ་སྣ་ཚོགས།། བྲག་ཞུན་ཁཎྡྲི་སྦྱར་བས་ཚད་པ་འཇོམས།། རྨ་རྩིའི་ཁཎྡྲི་རེ་སྐོན་བྲག་སྤོས་པ།། རི་དང་ཀླུངས་ཀྱི་རྟ་ལྤགས་དར་ཡ་ཀན།། བསེར་ཁ་བ་མོས་མ་ཕོག་རྩ་ལོར་བཅས།། ཁཎྡྲི་རྨ་རྣམས་ཀུན་གྱི་རྨ་རྩིར་བཟང་།། རེ་རལ་གསུམ་དང་བཅད་འབྱོར་རྣམ་པ་གསུམ།། རྟ་ལྤགས་རེ་སྐོན་སྲོལ་གོང་དར་ཡ་ཀན།། ཨ་བི་ཥ་དང་ཚེར་སྔོན་ཆུ་རྩ་དང་།། སྔོ་ཡི་ཚ་བ་གསུམ་ལ་ཁཎྡྲི་བྱ།། གུར་གུམ་ཅུ་གང་མཁྲིས་སྣ་ཁ་ཚར་གདབ།། ཤ་རུས་མགོ་དང་ཡན་ལག་རྨ་ཀུན་གསོ།། བཤལ་སྨན་ཁཎྡྲི་དུར་བྱིད་ཐར་ནུ་དང་།། སྔོན་བུ་ཁྲོན་བུ་ལྕུམ་རྩ་ཙི་སྟག་མོ།། དནྡ་དོང་ག་ཤྲཱི་ཁཎྡྲི་དང་།། ཨ་རུ་མཆུ་སྙུང་བ་ཆུ་ཁཎྡྲི་བྱ།། འཇམ་ལ་རྣོ་སྟེ་མཆོག་ཏུ་དམུ་ཆུ་སྦྱོང་།། ཐར་ནུ་ཁཎྡྲི་བཙས་ཆོད་རྩ་བ་བརྐོས།། དུར་བྱིད་འཕྲད་ཙམ་ཧོང་ལེན་ཆུ་རུག་པ།། ཁུ་བ་ལེགས་བཏོན་ཁཎྡྲི་བདུད་རྩི་ཟར།། མི་སྐྱུག་མི་འགྱིང་མི་འབྱམས་ཆུ་མི་གནོད།། ནམ་ཟླ་ཚ་གྲང་ན་སོ་རྒན་གཞོན་མེད།། མཁྲིས་པའི་ཁཎྡྲི་མི་དོམ་ཕག་པ་གླང་།། གཡག་དང་འཕྱི་མཁྲིས་མཚེ་ཚོས་བྲག་སྤོས་པ།། ཁཎྡྲིར་གུར་གུམ་ཁ་ཚར་བཏབ་པ་ཡིས།། སྣ་ཁྲག་གློ་ཁྲག་མངལ་ཁྲག་རྩ་ཁ་ཤོར།། ཁྲག་ཏུ་འཁྲུ་སྐྱུག་མ་ལུས་གཅོད་པར་བྱེད།། བྲག་ཞུན་ཁཎྡྲི་བྲག་ཞུན་ཆུར་སྦངས་ལ།། ས་མེད་ཁུ་བ་ལེགས་བཙགས་མ་འདྲེགས་བསྡུ།། ཕོ་བ་མཆིན་པ་མཁལ་ཚད་མིག་ནད་དང་།། ཆུ་འགགས་སྨུག་པོ་དུག་ཚད་སེལ་བའི་མཆོག། བ་གསར་དམར་སེར་ཆུ་ལ་ཁཎྡྲི་བྱ།། སྐྱ་རྦབ་འོར་ནད་དམུ་ཆུ་མཛེ་ནད་དང་།། དབྱིག་དུག་ཚད་རྙོགས་ཆུ་སེར་མ་ལུས་སྦྱོང་།། སྟར་བུའི་ཁཎྡྲི་འབྲས་བུ་བཙོས་བྱས་ལ།། རུས་པ་ཕྱུངས་ལ་ཁུ་བ་ཁཎྡྲིར་བསྡུ།། གློ་ནད་བད་ཀན་ཁྲག་སྐྲན་འདྲིལ་བ་བཤིག། ཤུག་པའི་འབྲས་བུ་ཁཎྡྲི་བུ་རམ་སྦྱར།། རྐང་ལག་ཆུ་སེར་ཚ་བ་ཐམས་ཅད་སྐེམ།། ར་མཉེ་ལྕ་བའི་ཁཎྡྲི་བུ་རམ་སྦྱར།། མཁལ་རྐེད་སྨད་ཀྱི་ཆུ་སེར་གྲང་བ་འཇོམས།། སེང་ལྡེང་ཁཎྡྲི་མཛེ་ལ་མཆོག་ཏུ་ཕན།། ལྡུམ་བུ་ཟངས་རྩིའི་ཁཎྡྲིས་མཁྲིས་ནད་སེལ།། སྐྱེར་པའི་ཁཎྡྲི་མིག་ནད་བདུད་རྩི་ཡིན།། འབམ་པོའི་ཁཎྡྲིས་ཁོང་འབྲས་བཤིག་པར་བྱེད།། དྭ་བ་རྟ་སྦངས་སྤྲུ་རྩའི་ཁཎྡྲི་ལ།། བྱི་ཏང་ག་དང་ཤིང་ཀུན་ཙི་ཏྲ་ཀ། དུག་སྣ་སྦྱར་བས་སྲིན་ཐོར་ཤ་བཀྲ་སེལ།། དེ་སོགས་ཁཎྡྲིའི་སྡེ་ཚན་སྦྱར་བའི་ཐབས།། ས་བཤལ་ཁྲམ་ཁྲུམ་བརྡུངས་བཙོས་ཁུ་བ་བཏོན།། རྔ་མས་ལེགས་བཙགས་གཙང་མའི་རྫ་ནང་བསྡུ།། མ་འདྲེགས་དཀྲུག་ཅིང་སྐྱོ་མ་ལྦུ་ནག་ཅན།། དེ་དུས་ཕོག་ལ་ཐིགས་གཅིག་རྡོ་སྟེང་བླུག། དེ་གྲང་དྲིལ་དུ་བཏུབ་ན་ཚོས་ཚད་ཡིན།། མཐའ་ཡི་འདྲེགས་པ་མི་བཏང་དྲོད་བུར་གྲོད་བུརབཙའ།། ཞེས་གསུངས་སོ།། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཁཎྡྲིའི་སྡེ་ཚན་བསྟན་པའི་ལེའུ་སྟེ་དགུ་པའོ།། །།

X