//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > སྡེ་སྲིད་ཁོག་འབུབས། > ནང་དོན།

(1)ཐེག་དམན་གྱི་ལུགས།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-30 9:53:12 ཀློག་གྲངས། 15 

ཐེག་དམན་གྱི་ལུགས། མངོན་པ་མཛོད་གནས་དང་པོ་ལས། ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་དག། གང་རྣམས་ཐུབ་པས་གསུངས་དེ་དག། ཚིག་གམ་མིང་ཡིན་དེ་དག་ནི།། གཟུགས་དང་འདུ་བྱེད་དག་ཏུ་འདུས།། ཁ་ཅིག་བསྟན་བཅོས་ཚད་ཅེས་ཟེར།། ཕུང་བོ་ལ་སོགས་གཏམ་རེ་ཡིན།། སྤྱོད་པ་རྣམས་ཀྱི་གཉེན་པོར་ནི།། ཆོས་ཀྱི་ཕུང་བོ་མཐུན་པར་གསུངས།། ཞེས་པ་ལ་རང་འགྲེལ་ལ་སོགས་པ་ཐམས་ཅད་ལས་རྒྱས་པ་མཛོད་འགྲེལ་རྒྱལ་སྲས་མར། སངས་རྒྱས་ཀྱི་གསུང་ཞེས་བྱ་བ་འདི་ཆོས་གང་ཞིག་ཅེ་ན། གང་མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་རྣམས་གོ་རིམས་དུ་བཀོད་པ་དང་། གོ་རིམས་སུ་བཞག་པ་དང་། གོ་རིམས་དུ་ཡང་དག་པར་སྦྱར་བའོ་ཞེས་འབྱུང་སྟེ། ཆོས་མངོན་པ་ལྟར་ན་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བོ་དེ་དག་གཟུགས་ཀྱི་ཕུང་བོ་དང་། འདུ་བྱེད་ཀྱི་ཕུང་བོས་བསྡུས་པ་ཡིན་ནོ།། མདོ་ལས་ནི། བདག་གིས་བཅོམ་ལྡན་འདས་ལས་མངོན་སུམ་དུ་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་ལྷན་ཅིག་གཟུང་ངོ་ཞེས་ཀྱང་འབྱུང་ངོ་།། སྡེ་བ་གཞན་གྱི་མདོ་ལས་ཀྱང་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་འབྱུང་ངོ་།། ཁ་ཅིག་བསྟན་བཅོས་ཆད་ཚདཅེས་ཟེར་ཞེས་བྱ་བ་ནི་ཁ་ཅིག་ན་རེ། ཆོས་ཀྱི་ཕུང་བོའི་མདོ་འདི་ནི་བསྟན་བཅོས་ཀྱི་ཚད་ཙམ་མོ་ཞེས་ཟེར་རོ།། དེ་ནི་ཤུ་ལོག་ཤོ་ལོ་ཀདྲུག་སྟོང་ངོ་ཞེས་བྱ་བ་ནི་བསྟན་བཅོས་ཆོས་ཀྱི་ཕུང་བོ་ཞེས་བྱ་བ་དེའི་གཞུང་གི་ཚད་ནི་ཤུ་ལོག་དྲུག་སྟོང་ཡོད་དེ། ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བོ་དེ་དག་ནི་ནུབ་སྟེ། འདི་གཅིག་པུ་ལུས་སོ་ཟེར་རོ།། ཕུང་བོ་ལ་སོགས་གཏམ་རེ་ཡིན་ཞེས་བྱ་བ་ནི་གཞན་དག་ནི་ཟེར་རོ་ཞེས་བྱ་བར་ཚིག་ཁོ་ནས་དྲང་སྟེ། ཕུང་བོ་ལ་སོགས་པའི་གཏམ་རེ་རེ་ནི་ཆོས་ཀྱི་ཕུང་བོ་ཡིན་ལ། དེ་དག་ཀྱང་ཆོས་ཀྱི་ཕུང་བོ་བརྒྱད་ཁྲིའི་གྲངས་ཡིན་པར་འཆད་པར་བྱེད་དོ།། སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། ཆོས་ཀྱི་ཕུང་བོར་མཐུན་པར་གསུངས། ཞེས་བྱ་བ་ནི་སྔར་བཤད་པའི་ཕྱོགས་གསལ་བའི་ཕྱིར་རམ་ངེས་པར་གཟུང་བའི་དོན་ཡིན་ནོ།། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་ལ་སོགས་པ་སྤྱོད་པ་ཐ་དད་པས་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་ལྟ་བ་དང་ཐེ་ཚོམ་ལ་སོགས་པ་བསྡུས་ཏེ། སེམས་ཅན་ཁ་ཅིག་ནི་འདོད་ཆགས་སྤྱོད་པ་ཡིན་ལ། ཞེས་ནས། ཞེ་སྡང་བ་ལྟར་འཆོས་པ་ཡིན་ཏེ། དེ་དག་གི་གཉེན་པོར་བཅོམ་ལྡན་འདས་ཀྱིས་དེ་དག་གསུངས་པ་ཡིན་ནོ།། ཞེས་བཤད་པ་དང་།

X