//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > ཟིན་ཏིག་བདུད་རྩིའི་ཐིགས་པ། > ནང་དོན།

ལེའུ་བརྒྱད་པ། ལུས་སྟོད་ཀྱི་ནད་གསོ་བའི་སྐོར།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-30 16:21:25 ཀློག་གྲངས། 14 

མགོ་ནད་ཀྱི་བཅོས་སྐོར་གོང་འོག་རྣམས་སུ་ཡོད་པས་འཐུས་ཤིང་། ལྕི་འཐིབས་སོགས་མགོ་ནད་སྤྱི་ལ། བདུད་རྩི་སུམ་སྦྱོར་སྟེང་། རྡོ་དྲེག དུར་ཐལ། དུར་རུས་བསྣན་པ་ཟབ།

མིག་ནད་ལ། མདོག་དམར་ལ་ཚ་བ་ཁྲག མིག་ཟུར་ཟ་བ་སྲིན། མཆི་མ་ཟགས་ནས་ཚ་བ་རླུང་། ན་ཚ་མེད་ནས་མི་མཐོང་བ་བད་ཀན་ཡིན། མིག་ནད་སྤྱི་ལ་སྐྱེར་ཁཌྷྜྷཱ་དང་། དེའང་མན་ངག་ཁ་ཚར་ཅན་ཟབ། ཁྲག་རྐྱེན་ལ་སྐྱུ་རུ་ཉེར་ལྔ། རྒྭ་ལོ། ཙནྡན་བཅོ་བརྒྱད། ཁྱད་པར་ཁྲག་མཁྲིས་ཅན་ལ་སྤང་རྩི་བཅུ་གཉིས་ཟབ། སྲིན་ལ་གུར་གུམ་བཅུ་གསུམ་རྩེ་གསུམ་ཁ་ཚར་ཅན། རླུང་རྐྱེན་ལ་སོ་ལྔ་སོགས། བད་ཀན་རྐྱེན་ལ་བདུད་རྩི་སུམ་སྦྱོར།ཟླ་ཤེལ། གུར་གུམ་ཉེར་ལྔ། རླུང་རྐྱེན་ལ་ཁོང་སྨན་གྱིས་ཕན་དཀའ་བས་ཛཱ་ཏི་དང་གོ་སྙོད་བཏབ་པའི་ཟན་དྲོན་གྱིས་མིག་གི་འབྱར་བཞག་རྒྱུ་དེའང་ཟབ་པ་ལག་བླང་མ་བསྲོས་བྱེད། མིག་སྨན་སྤྱིར་གསལ་བྱེད་ལྕགས་རིལ། གསལ་བྱེད་ཉེར་ལྔ། མདུང་རྩེ་ཉེར་ལྔ། གསལ་བྱེད་ཉི་ཟླའི་འཁོར་ལོ། གསལ་བྱེད་དྲུག་པ་སོགས་དང་།ལྷ་ལུང་བའི་གསལ་བྱེད་སྤོས་རེང་བརྡར་བའི་ཁུ་བ་བླུག འགྲིབ་རིགས་ཡོད་པའི་མིག་ནད་ལ་དཀར་པོ་དྲུག་སྦྱོར་གྱིས་ཕན། རྗེས་སུ་ནང་གསང་བརྒྱད་དང་ཕྱི་གསང་རྣམས་ལ་མེ་ཚུགས་གང་བདེ་བྱ། ལིང་ཏོག་ལ་ཁོང་སྨན་སྤང་རྩི་བཅུ་གཉིས་སྨན་ནད་ཐོན་པ་ལན་ཁ་ཤས་བཏང་། ནི་ནཱིལ་ཐོ་ཋྡྷ་ཞིབ་བཏགས་ཕྱེ་མ་ཐུར་རྩེས་བླངས་ནས་ལིང་ཏོག་ལ་གླན་པས་འཕྲལ་དུ་ཕན། རྒྱལ་མོའི་སྟེང་དུ་འགྲོ་གྲབས་བྱུང་ན་ལིང་ཏོག་ཡོད་ཕྱོགས་ངོས་ཀྱི་ནང་གསལ། རྒྱལ་མོའི་སྟེང་ནས་ནད་པ་རང་གི་མཐེབ་ཚོན་གང་གཞལ་མཚམས་སུ་མེ་བཙའ་བཏབ་པས་དེ་ཕྱོགས་སུ་འཐེར་འཐེནའགྲོ། འདི་ལ་སྔགས་གཙོ་ཆེ། མིག་ལྤགས་ལ་ཤ་འཛེར་ཆེན་པོ་བྱུང་ན། རྒྱས་ཚར་དུས་སྟོང་སྐུད་ཀྱིས་དམ་པར་བསྡམ། བརྡོལ་ཤོར་མི་ཉན། རྩ་བ་ཕྲ་མོར་སོང་སྐབས་གྲི་གུ་རྣོན་པོས་བཅད། རྨ་ཁར་ཟངས་ཏེལ་བརྒྱག དམར་ཚག་ཚབ་ཚབསཆེ་ན་དང་པོ་མ་ལྤགས། རྗེས་ཡ་ལྤགས་ནང་གཙགས་བུས་བྲད་ལ་ཤར་ཤར་མང་དུ་བཤགགཤག

ཁྲག་ཐོན་ཤུལ་ཆུས་བཀྲུས་ལ་མིག་སྨན་བླུག མིག་གི་ལྤགས་པགསསྲིན་ལ་ཁ་ཤའི་རྭ་ཚུགས་ཀྱིས་ཕན། མིག་ཁ་བས་ཕྱིད་ན་གླ་རྩི་ག་བུར་ཤེལ་དཀར་དོམ་མཁྲིས་རྣམས་མཉམ་སྦྱོར་ཞིབ་བཏགས་ཆུ་གཙང་དང་སྦྱར་ཏེ་མིག་ལ་བླུག དུ་བས་ཕྱིད་ན་གི་ཝཾ་གི་ཕྱེ་མ་སྣ་ནས་འབུད། ཉི་མ་ལ་ཡུད་ཅིག་བལྟ། ཤ་གསར་དམར་པོས་ཡང་ཡང་ཕྱི་ཞིང་དུ་བ་ལ་འཛེམ། མིག་གི་འགྲིབ་རིགས་ལ་ཐུར་མ་སྨན་དཔྱད་གཞན་ལ་མི་ལྟོས་པར་མེ་བཙའ་ཁོ་ནས་བཅོས་ཚུལ་ནི། སྨིན་མའི་མཇུག་ནས་དབུས་དང་། མགོ་ནས་ཀྱང་དབུས་སུ་ཚོན་གང་གཞལ་བའི་སྨིན་དབུས་དྲང་པོའི་རུས་པའི་གདོང་ནས་གསོ་བྱ་རང་གི་མཛུབ་མོའི་ཚིགས་གསུམ་པ་བཞག་སྟེ་གྱེན་དུ་བསླང་བའི་མཛུབ་རྩེ་སླེབས་མཚམས་དང་། སྐྲ་སྦལ་ཅན་རྣམས་ཀྱི་སྨིན་དབུས་ཀྱི་སྐྲ་མཚམས་ནས་གྱེན་དུ་ཚོན་གང་གཞལ་བ་དོན་གཅིག་པས། གནས་དེར་མནན་ན་མིག་འབྲས་ལ་ཟུག་རྔུ་འབྱུང་བའི་དམིགས་ཡོད་པ་དེར་ལུག་རིལ་ཙམ་གྱི་སྤྲ་བ་ཤིན་ཏུ་དམ་པའི་མེ་ཚུགས་གཅིག་བཞག གཡས་གཡོན་གཉིས་ཀར་བཞག་དགོས་སམ་གང་རུང་གཅིག་གིས་ཆོག གསོ་བྱའི་མིག་དང་བསྟུན། དེ་ནས་མིག་གཡས་ལ་ཚིགས་པ་དང་པོ་ནས་གཡས་སུ་འཕྲེད་དུ་མཛུབ་གང་། སོག་རྩེ་ཁ་སྤྲོད་ནས་སོག་པའི་ཕྱོགས་སུ་ཚོན་གང་བཅལ་བའི་ཕན་ཚུན་འཕྲད་མཚམས་སམ། ཚིགས་པ་ལྔ་པ་ནས་གཡས་སུ་སོར་བཞི་འཕྲེད་ལ་འཇལ་བའི་མཚམས་སུ་མནན་པས་མིག་ལ་ཟུག་འབྱུང་བ་དེ་གཉིས་གང་རྙེད་དུ་སྤྲ་ཚུགས་ཆེ་བ་རེ་བཞག གཡོན་པའང་དེ་དང་མཚུངས། འདི་ནི་སྔོན་ནས་ཆེར་མ་འགྲིབ་པ་གསལ་ཐུབ་ལ། འགྲིབ་བཞིན་པ་སླར་མི་འགྲིབ་པའི་གསང་གཅོད་ཞལ་ཤེས་ཁོ་ན་ཡི་གེར་བཀོད་པའོ། །

རྣ་བའི་ནད་ལ། རྣ་སྐྱག་སྐྱ་སེང་འུར་སྒྲ་ཅན་རླུང་ཡིན་པས། ཤིང་ཀུན་ཉེར་ལྔའི་ཕྱེ་མ་རས་ཐུམ་མར་ཁུར་བཙོས་པ་བཙིར་པའམ་ཡང་ན་ཐོག་མ་ནས་ཨུག་ཆོས་བཅུ་པའི་ཕྱེ་མ་རས་ཐུམ་མར་བཙོས་བླུགས་ནས་རྣ་ཁུང་དགག འོན་པ་ཡིན་ན་མ་སོས་བར་བསྟེན། རྣ་བའི་བུ་ག་ནས་ཕྱོགས་བཞིར་ནད་པ་རང་གི་མཚོན་རེ་གཞལ་བར་སྤྲ་བའི་ཚུགས་བརྒྱག ཁོང་སྨན་ཡང་བསྟེན། ཁྲག་ཤས་ཆེ་ཞིང་རྣ་བ་གཟེར་བ་ལ་རྣ་རྒྱབ་ལྗོན་ཤིང་ངམ་ལྦ་རྩ་ཟེར་བ་དེ་གཏར་བས་ཕན། རྣ་ཟུག་ཁ་རྐྱང་ལ་ལབ་གཞོན་བཙིར་བའི་ཁུ་བ་བླུག རྣག་ཟགས་ནའང་དེ་ལྟར་རམ་ར་གཅིན་བླུག ཟུག་བྱེད་ཅིང་འོན་ན་ཨ་རུ་ར་དང་རུ་རྟ་གཉིས་ཀྱི་ཕྱེ་མ་རས་ཐུམ་མར་བཙོས་ཀྱི་ཐིགས་པ་བཙིར་ནས་བླུག གཟེར་འཁྱུག་ཅིང་རྣ་སྐྱག་སྣུམ་ཞད་ཡོད་པ་ཁྲག་དང་སྲིན་ཡིན་པས་སྲིན་བཅོས་བྱ། རྣ་བའི་ནད་ཐམས་ཅད་ལ་ཨ་རུ་བཅོ་བརྒྱད་མར་ཁུ་དང་སྦྱར་ནས་བླུགས་ན་ཕན་ཆེ་ཞིང་སྤྱིར་ཡང་རྣ་ནད་ལ་མཁལ་བཅོས་བགྱིས་པས་འཐུས་ཆེ། སྲོག་ཆགས་ཤོར་ན་མཁན་སྐྱའི་ལོ་མ་འདུས་གདུསཔའི་ཁུ་བ་བླུགས་པས་ཕན་ནོ། །

སྣ་ནད་འགགས་འཚངས་དང་། ཡ་མའི་རླངས་པ་སོགས་ལ་ཚངས་པ་དབུལ་སེལ་མེ་ལ་བཏབ་པའི་དུད་པ་སྣར་རྔུབས། ཆོས་འབྱུང་གི་སྣ་སྨན་ཉེས་སེལ་བསྟེན་པས་ནད་རིགས་སྤྱི་ལ་ཕན་ཅིང་དབང་པོ་གསལ་བའི་མཆོག་ཡིན་པར་གསུངས། སྣ་ཤུ་ལ་ཏི་ཚའི་ཐལ་བའམ་རྒུན་འབྲུམ་ནུས་བསྲེགས་ཀྱི་ཐལ་བ་བྱུག སྣ་ཁྲག་ལ་ཐང་ཆེན་ཉེར་ལྔ་ཁ་ཆེ་བུངས་བསྐྱེད་པ། གླང་ཆེན་བཅུ་གསུམ་ལ་ཁ་ཆེ་དོམ་མཁྲིས་ཁ་ཚར་བཏབ་པ། བི་ཇིའི་མཚལ་ལུད་ཁ་སྡོམ་སོགས་ཟབ། གསེར་ཐང་བཅོ་བརྒྱད། སྐྱུ་རུ་ཉེར་ལྔ་ཁྲག་སེལ་གྱི་འཁྲུལ་འཕྲུལའཁོར་ཅན་ཡང་ལེགས། མགོ་དང་རོ་སྟོད་ལ་ཆུ་བྱརཕྱར མ་ཐུབ་ན་རུ་ཐུང་དང་དྲུག་འདུས་གཏར། ཁྲག་གར་སླེབས་ཀྱི་དཔུང་འཛུམ་མམ་ཡང་ན་སྨིན་མཚམས་སུ་མེ་གདབ། རྟེན་འབྲེལ་བཅོས་སྐྱེས་པའི་སྒྲོ་བ་དང་བུད་མེད་སྣ་ཁྲག་འོང་ཕྱོགས་ཀྱི་ནུ་མ་དར་སྐུད་དམར་པོས་བཅིང་། མདའ་གཞུ་སྣ་ཁྲག་འོང་ཕྱོགས་གཡས་གཡོན་གོ་ལྡོག་ཏུ་འཐེན། མེ་རྫས་ཀྱི་སྙིགས་མ་བདུག་པས་ཀྱང་ཆོད་པར་བཤད། ཅིས་ཀྱང་མ་ཆོད་ན་མན་ངག་སྨན་སྣ་ཁྲག་ལྕགས་སླང་དུ་ནུས་ལྡན་བསྲེགས་པ་ཆ་གསུམ་གཞིར་བྱས། ཚ་ལ། ཁ་ཆེ། ཤིང་ཚ་གསུམ་བསྡོམས་པ་ཆ་གཅིག་དང་དོམ་མཁྲིས་ཅུང་ཟད་བཏབ་པའི་ཕྱེ་མ་ཆུ་གྲང་གིས་ཕུལ་བས་ངེས་པར་ཆོད། ཟུངས་ངན་རིགས་ལ་སྐྱ་རྦབ་ཁྲིད་ཉེན་ཆེ་བས་ཟས་སྤྱོད་གཟབ། དྭ་ལི་ད་ལིསབཅུ་དྲུག སོ་ལྔ་སོགས་གཏོང་དགོས་མིན་རིག་པས་དཔྱད་དོ། །

ཁའི་ནད་ཁ་ཤུ་ལ་ཚངས་པ་དབུགས་དབུལསེལ་དུད་པ་རྔུབས། རྙིལ་ལ་ཁྲག་ཚད་བབས་པའི་གཟེར་སྐྲངས་དང་རྙིལ་ཆད་པ་ལ་ཕྱི་རྒྱུད་གྲང་ཐང་གསུམ་པའི་མཁུར་བཀང་ངམ། དྲི་ཆུ་ལ་མཚུར་ནག་བཏབ་པའི་མཁུར་བཀང་ཟབ། འདི་རྣམས་ཕྱིར་ཕོ་དགོས། ལྡོང་རོས་དྲུག་པས་ཀྱང་ཕན། ལྕེ་མི་བདེ་བ་ལ་ནངས་སྔ་ལྕེ་བཞར་གྱིས་དག་པར་བྱས་ནས་པི་ལིང་ཕྱེ་མ་ཐུར་མགོ་རེ་བྱུགས་པས་ཕན། ལྕེའུ་ཆུང་བབས་ན་སྤྱི་གཙུག་གི་སྐྲ་ཚོམ་གཅིག་མཐེབ་ཀོར་ལྟ་བུའི་ནང་ནས་གྱེན་དུ་དྲངས་ནས་ཕྱིར་མི་འོང་བར་བཅིངས་ཏེ་བཞག ཁ་ལྕེ་གྲེ་བ་སྐོམ་སྐམཔ་ལ་ཕྱི་རྒྱུད་སོ་ཕག་མཁུར་བཀང་བསྟེན། སྐད་འགགས་པ་དང་གྲེ་བ་ཚ་སྐམས་ལ་ཕྱི་རྒྱུད་བོང་དཀར་བཞི་ཐང་ངམ། ཚར་བོང་གཅིག་ཐང་བཏང་། ལི་ཤི་བཞི་པའམ། ལི་ཤི་དྲུག་པ་ལོ་བརྒྱད་དྲི་ཆུས་ཕུལ། ཕལ་ཆེར་ལ་སྤང་རྒྱན་བཅོ་ལྔ་དང་བཅུ་པ་འཕྲོད། གྲེ་བ་གཟེར་ཆེ་བའི་གཉན་ཤས་ཅན་ལ་ཁྱུང་སྔོན་དགུ་པ། ལི་ཁྱུང་རྣམས་ཟབ། འབྲོང་སྤང་ཡང་འཕྲོད། ཡང་བད་ཁྲག་གིས་གྲེ་བ་དང་ལྐོག་མ་མི་བདེ་བ་ལ། བདུད་རྩི་སུམ་སྦྱོར་སྟེང་། སྒང་ཐོག་པ་དང་བོང་ང་དམར་པོ་བསྣན་པ་ཟབ། བོང་དམར་བདུན་པ་ཚར་བོང་ཐང་གིས་ཕུལ་བའང་བསྔགས་ཀྱང་བོང་དམར་བོད་ཀྱི་སྔོ་སྨན་ལེགས་པར་སྣང་། ལྷ་ལུང་མཁན་པོའི་བོང་དམར་བརྒྱད་པ་འཕྲོད་ཆེ། མཆུ་གློ་ལ་ནང་གཤགས་ནས་ཁྲག་བཏོན། མཆུ་མཛེ་ལ་ཙནྡན་དམར་པོ་དང་བ་ཤ་ཀའི་ཕྱེ་མ་བྱུག ནངས་སྔ་རྡོ་བ་མོ་ཅན་ལྟ་བུའི་གྲང་མོ་གླན་ཀྱང་ཕན་ནོ། །ཡང་མཆུ་ནད་ཕལ་ཆེར་ལ་ཡུ་གུ་ཤིང་གི་ཁཎྡྲི་བྱུག དེས་མ་ཐུབ་ན་མཆུ་རྩ་དང་སྲིན་རྩ་རྒྱུབ་རྒྱབརྩ་གཏར། ལྷགས་པས་མ་མཆུ་གས་པ་ལ་སྤྱི་གཙུག་ཏུ་མར་བྱུགས་པས་ཕན།

ལྦ་བའི་བཅོས་སྐོར་ལྷན་ཐབས་ནང་གསལ་ལག་ལེན་བདེ་ཞིང་ཟབ་པར་བསྔགས་ཀྱང་། བྱུར་ལྦ་སོགས་བཅོས་དཀའ། ཤ་སྦྱོར་བརྒྱད་པ་ཟླ་སྨད་ཉི་ཤུ་གཅིག་ནས་དགུའི་བར་བསྟེན། རྨེན་བུའི་སྦྱོར་བ་ལྦ་བ་རྒྱུན་གཅོད་ཡུན་རིང་བསྟེན་པའང་ཟབ། རྒྱ་ཚ་དྲུག་པས་ལྦ་བ་འཇོམས་ཤིང་། ཛཱ་ཏི་དགུ་པ་མཇུག་གཅོད་པའང་བསྔགས། ལྦ་བའི་མཐའ་ནས་ཚོན་རེའི་སར་མེ་བཙའ་བསྐོར་ནས་གདབ། དེས་ཆུང་དུ་སོང་ན་རིམ་པར་ཇེ་བཏུད་ཀྱིས་ནང་དུ་གདབ་པ་ཡིན་ཀྱང་འཕྲོད་མིན་ཞིབ་ཏུ་བརྟག་དགོས།མགོ་བོ་སོགས་ལ་ཤ་ལྷག་ལྟ་བུ་སྐྱེས་པ་རྩ་བ་སྐུད་པས་བསྡམ་ལ་ཅུང་བཞག རྩེ་ནས་གཙགས་བུས་གཤག་སྟེ་བརྟོལ་ལ་འབྲས་འདུལ་སྦྱར་ཏེ་གསོ། ཡང་ལྦ་བ་སོགས་ཤ་ལྷག་གི་རིགས་རྩད་ནས་འདོན་པའི་གདམས་ངག་ནི། བྱུང་ནས་ལོ་གཉིས་གསུམ་ཙམ་སོང་བའི་རྙིང་པ་ལ་ཚ་ཐུར་བརྒྱག་ཅིང་བཙགས་གཙགསནས་རྨ་གསོ་བ་དང་། རྗེས་གཅོད་མེ་བཙའ་གོང་སྨོས་བྱས་ཀྱང་ཆོག ཡང་ན་གཙགས་བུས་ལེགས་པར་བཤགས་གཤགསནས་ནང་གི་རྣག་ཁྲག་ཆུ་སེར་སོགས་དབྱུང་། གཉིས་ཀ་ལ་ཤ་གདན་དངོས་མ་བསྣད་པ་གལ་ཆེ། དེ་ནས་ཆུ་ཡིས་དག་པར་བཀྲུས་རྗེས་རྨ་སྨན་སྤྱི་དང་། ཁྱད་པར་གུར་གུམ་དོམ་མཁྲིས་སྦྱར་བའི་ཆུ་ལ་ལན་ཚྭ་བཏབ་པ་བྱུགས། དར་སྐུད་ཀྱིས་ཤ་གདན་དང་མཉམ་པར་བཙེམ། ཕྱི་རུ་ཧེལ་གེ་དུམ་བུ་སྤྱིན་གྱིས་སྦྱར། ཞག་བཅུ་སྐོར་ཟས་སྤྱོད་གཟབ། ཡང་རྣ་བའི་ནང་གི་ལྦ་རྩ་དེ་ཁབ་ཀྱིས་ཕུག་ནས་ཞ་ཉེའི་རྣ་ཆ་བཏགས་པའམ། ཀོ་དམར་ལུང་ཐིག་བྱས་པའི་ཞ་ཉེའི་རྡོག་པོ་རྐེ་སྐེལ་བཏགས་པས་ཀྱང་ཐུབ། ཉིན་གཉིད་མི་ལོག ཟས་སྐོམ་ཉུང་དུ་བྱ་བ་སོགས་གལ་ཆེ། །

X