//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཡིག་ཚགས། > ཟིན་ཏིག་བདུད་རྩིའི་ཐིགས་པ། > ནང་དོན།

ལེའུ་བཅུ་བདུན་པ། དུག་ནད་གསོ་བའི་སྐོར།

ཇུས་འགོད་པ། zhuomacao རྩོམ་སྒྲིག་པ། དུས་ཚོད། 2016-05-30 16:30:17 ཀློག་གྲངས། 30 

སྦྱར་དུག་ལ། ཕྱི་ནང་གསང་རྟགས་རྒྱས་པར་མན་རྒྱུད་ལས་གསུངས་པ་ལྟར་ཤེས་དགོས་པ་ལས་ཕྱོགས་རེས་མི་རྟོགས་ཀྱང་། མདོར་སྡུས་ཕྱི་རྟགས་ནང་སྔ་ནམ་ལངས་གཏམ་མ་ལབས་ལབཁ་ཟས་མ་ཟོས་སྐབས་མཆིལ་མ་མ་དཀྲོག་པར་རང་ལུགས་དེ་རྒྱ་ཆུགཙང་ཕོར་གང་དུ་བླུགས་པས་ཁར་ལྡིང་ན་མིན་ལ་གཏིང་དུ་སོང་ན་ཡིན། ཡང་དཀར་གོང་མེས་བསྲེགས་པའི་སྟེང་མཆིལ་མ་བླུགས་ལ་གྲང་ནས་བཅག་པས་ནས་གང་ཙམ་ནག་པོར་སོང་ན་ཡིན། ནད་རྟགས་རྩ་རྒྱུད་འགྱུར་ལྡོག་མང་ལ་གདོན་རྩ་དང་། ཆུ་མདོག་མ་ངེས་པ་སྣ་ཚོགས་འགྱུར། ཟངས་ལ་བྱུགས་ན་ནག་པོར་འགྲོ། ནད་སྣ་མང་ཞིང་འགྱུར་ལྡོག་ཆུང་། ཟས་ཟོས་ཀྱང་ལུས་སྟོབས་འཆོར། ཕོ་མཆིན་མི་བདེ། ཆམས་ཆམརིམས་མང་དུ་ཕོག སྙིང་མི་དགའ། དོན་མེད་པར་ན་ཞིང་དོན་མེད་དུ་དྭངས་པ་རྣམས་དུག་རྟགས་ཡིན། གསང་རྟགས་རེ་རལ་བའི་འོ་མར་བཏབ་པ་བཏང་བས་སྐྱུགས་པ་དང་། སྡུད་སྨན་བཏང་བས་འདུས་རྟགས་བྱུང་ན་ངེས་པ་ཡིན། དེ་ལ་ཐོག་མར་སྡུད་སྨན་ཐང་ཆེན་ཉེར་ལྔ། བྱང་ལུགས་སྔོ་ཐང་བཅུ་གསུམ་རིགས་གཉིས། བསེ་རུ་བཞི་ཐང་རྣམས་བཏང་། འདུས་རྟགས་ལུས་ལྕི་ཞིང་སྒྱིད་པ་བསྐྱུརསྐྱུར ཡི་ག་འགག ཁ་ལྕེ་སྐམ། ཕོ་བར་ཚ་རུབ་བྱེད། དེ་ལྟར་མ་བྱུང་བར་སྡུད་སྨན་ནན་བསྐྱེད་ཅིང་སྐབས་སུ་མཐིལ་བཞི་བཀུ་བསྐུམཉེ་དང་། ཕོ་བར་རུས་དུགས། རྒྱུ་ཞབས་ལ་བྱེ་མའི་དྲོད་དུགས་བྱ།དངོས་གཞི་རྒྱུད་ཀྱི་ཅོང་ཞི་བསིལ་སྦྱོར་དུག་སྨན་ཁ་ཚར་ཅན། གུར་གུམ་བཅུ་གསུམ་ཁ་ཚར་ཅན། དབང་རིལ་ཉེར་ལྔ། གཡུ་རྙིང་ཉེར་ལྔ། དཔའ་བོ་བཅུ་གཉིས་ཁ་ཚར་ཅན། བྱེ་རིང་བསེ་རུ་བཞི་སྦྱོར་ལྡེ་སྒྱུར་བཅས་པ། ཁྱད་པར་ཀོ་ཋྡྷའི་སྦྱོར་བ་རྣམས་ཀྱིས་གསོད། མ་ཐུབ་ན་ཀོ་ཋྡྷའི་ཆིག་སྦྱོང་སོགས་ཀྱིས་དག་པར་བྱས་རྗེས། དུག་འཇོམས་རྨ་བྱའམ། པུ་རི་སྐྲ་ཆིངས་ཀྱི་ལག་ལེན་ལྟར་བཏང་བས་ཕན་ཆེར་འབྱུང་། ལོག་གནོན་རིན་ཆེན་རིལ་བུ། ཁྱད་པར་རིན་ཆེན་ཡང་ཟབ། མང་སྦྱོར་ཆེན་མོ། དབང་རིལ་རྟ་རི་མ་དང་། ཤེལ་དཀར་མཆོད་རྟེན་རྣམས་གཅིག་ཆོག་ཏུ་འགྱུར། རྒྱབ་བརྟེན་གདོན་བཅོས་བྱ། སྔ་དྲོའི་རིགས་ལ་ཁ་ཟས་སྤང་། ཕྱི་དྲོར་ནན་བསྐྱེད་ནས་བཟའ། ཉ་ཕག་གི་ཤ་རུལ་སྐྱུར། བཤུལ་ཆགས་ཤ སྔོ་ངད་སོགས་སྤང་། བ་ལང་གནའ་དགོའི་ཤ་གསར། ཁུར་མང་འབྲས་དང་ཡོས་ཐུག་ཇ་སོགས་བཏང་། ཟུངས་ངན་ལ་ཆང་གསར་ཤ་ཡིབ་སོགས་ཚོད་སྦྱར་བསྟེན། ནད་འདིས་ཟིན་ནས་ཉལ་པོ་དང་བཞོན་པ་ཞོན་པ། ངལ་དུབ་ཀྱི་ལས། སྨྲ་བརྗོད་མང་པོ། ཉིན་གཉིད། རླན་གྲང་སོགས་སྤང་དགོས། ནད་འདི་རྒྱུ་དང་བབས་ས་སོགས་མི་འདྲ་བ་ཤིན་ཏུ་མང་བས་བརྟག་རྟགསདང་བཅོས་ཐབས་ཐམས་ཅད་མན་ངག་རྒྱུད་ཉིད་ལ་དཔང་པོར་བྱ་བ་གལ་ཆེའོ། །

ཁ་ཟས་མ་འཕྲོད་པ་དང་མ་གོམས་པ་དང་དུས་མིན་ཟོས་པ་སོགས་མེ་དྲོད་ཀྱིས་འཇུ་བར་མ་ནུས་པར་དྭངས་སྙིགས་འདྲེས་ཏེ་རྩ་མིག་ཏུ་བྱེར་བས་གྱུར་དུག་ཏུ་སོང་། ནད་རྟགས་རླུང་མཁྲིས་སོགས་སྡོང་ཟླ་ལྟར་སྟོན། ཕོ་བ་རྩིབས་ལོག་རྩིབ་ལོགསགཟེར། སྒྲེག་ཅིང་སྦོ་ལ་ཟས་འཇུ་དཀའ། རྩ་ཕྲ་ལ་གཏིང་ན་གྲིམས། ཆུ་མདོག་དམར་པོའམ་སྨུག་ལ་ཀུ་ཡ་དུམ་བུར་ཆད། དེ་ལའང་སྦྱར་དུག་ལྟར་སྡུད་གསོད་བཤལ་གསུམ། ཚབས་ཆེ་ན་མང་སྦྱོར་བཏང་། ཡང་ན་ཐོག་མར་ཕྱི་རྒྱུད་ཀྱི་སེ་འབྲུ་བཞི་བའམ་ད་ལིས་བཞི་བ་བཏང་། དེ་ནས་ཐོ་རངས་སྤོས་དཀར་ཕག་ཁྲག་སྟར་བུ་སྦྱར་བ་དང་། སྲོད་ལ་འོ་མའི་ནང་ལན་ཚྭ་བཏབ་པ་ལྟག་སྤྲོད་དུ་བཏང་། འདུས་རྟགས་ཁོང་པ་སྙོམ། ལུས་ལྕི་ཞིང་མཆིལ་སྣབས་མང་། ཁ་ཟས་མི་ལེན་པའི་སྐབས། མན་རྒྱུད་གི་ཝང་བཅོ་ལྔ་དང་། བོང་དཀར་བཅུ་གཅིག་ལྟག་སྤྲོད་ཀྱིས་བཏང་ལ་གང་ཉེའི་གནས་ནས་སྐྱུག་བཤལ་གྱིས་སྦྱོང་བའམ། འདུས་རྟགས་བྱུང་འཕྲལ་སྦྱོང་བསད་གཅིག་དྲིལ་བྱས་ཀྱང་ཆོག དུག་ནད་སྤྱི་ལ་དཔའ་བོ་ཉེར་ལྔ། སུ་མི་བཅུ་གསུམ། ཟུར་མཁར་བའི་སེང་གེ་གསུམ་འགྲོལ་ཉུངས་མའི་ཁུ་བས་ཕུལ་བ་དང་། གླང་ཐབས་དང་བསྡོངས་པ་དང་། མ་ཞུ་དུག་ཐབས་བྱུང་བ་རྟགས་གོང་དུ་སོ་སོའི་སྐབས་སུ་བཤད་པ་ལྟར་བཅོས། ཁྱད་པར་མ་ཞུ་དུག་ཐབས་ལ་ཟུར་ལུགས་སྐྱ་ཁྲ་སུམ་འགྲོལ་ལམ། མ་ཞུ་བའི་དུག་བྱུང་འཕྲལ་ཐབ་ཀའི་ནང་ས་ཚིག་དམར་པོ་ཕྱེ་མ་བྱས་པ་ཆུ་བསྐོལ་ཚན་མོར་སྦྱངས་པ་ཕོར་བ་དོ་གསུམ་འཐུངས་པས་སྐྱུགས་འོང་ཞིང་། དེ་རྗེས་སྨན་བཏང་དགོས་མིན་ནད་ལ་དཔྱད་པས་ཀྱང་ཆོག ཡང་རི་ཀླུང་གི་དྲེས་མའི་རིགས་མང་པོ་ཁཎྡྲི་རིལ་བུ་ལུག་རིལ་ཙམ་བྱས་པ་ཆུ་བསྐོལ་གྱིས་ཕུལ་བས་ཉིན་རེའི་དུག་ཐབས་དང་མཆིན་པའི་དུག་ཚད་ལ་ཤིན་ཏུ་ཟབ། །

ཤ་དུག་སྤྱི་ལ་གསེར་ཞི་ཁ་སྤྲོད། ཞི་དྲུག་ལ་བྱིའུ་ལ་ཕུག་ཁ་ཚར་བྱས་པའམ། ཞི་དྲུག་རྐྱང་པ་གང་ཡང་འོམ་བུའི་ལོ་མའི་ཐང་གིས་ཕུལ་བ། དཔའ་བོ་ཉེར་ལྔ། ཟླ་ཤེལ། ཟུར་ལུགས་གླང་ཆེན་སུམ་འགྲོལ། འོམ་བུའི་ཆིག་ཐང་ཁོ་ནས་ཕན་ཞིང་། ཤ་དུག་ཡོད་པར་དོགས་པ་ལ་ཤ་བཙོ་སྐབས་འོམ་ཤིང་མཉམ་དུ་བཙོས་ནའང་ཕན་ཟེར།

ཤ་དུག་གྲེ་འགག་འཕྲལ་དུ་མ་བཅོས་ན་ཚབས་ཆེ་བས། དཔའ་བོ་ཉེར་ལྔ། ཞི་དྲུག་དང་བྱིའུ་ལ་ཕུག་སྒོང་ཐོག་པ་འོམ་བུ་རེ་རལ་བཅས་པུཥྞཱི་བཞི་སྦྱོར་བསྡེབས་པ། རྒྱ་ཚ་བཅུ་གཅིག ཐང་ཆེན་ཉེར་ལྔ། འོམ་ཐང་བཅས་ཟབ་ཅིང་རྒྱུན་རིང་ན་མང་སྦྱོར་བཏང་། ཡང་ཤ་དུག་དངོས་མིན་པའི་ཤ་ནད་ཅེས་འཁྲུ་སྐྱུགས་བྱེད་པ་སོགས་ནད་རྟགས་སྣ་ཚོགས་ཅན་ཡོད་པ་དེ་ལའང་ཞི་དྲུག་འོམ་ཐང་གིས་ཕུལ་བ་དང་། རྨ་བྱའི་མདོངས་བདུན་དུ་གྲགས་པའི་ཐང་སོགས་ཀྱིས་ཕན། ཡང་ཨ་རུ། བོང་དཀར། འོམ་བུ། རེ་རལ། བྱིའུ་ལ་ཕུག་རྣམས་ལོ་བརྒྱད་དྲི་ཆུས་ལྕགས་སྣོད་དུ་བཙོས་པའི་ཁུ་བ་གྲང་མོ་མང་དུ་བཏང་། དེ་རྗེས་ཐང་དེ་ལ་དུར་བྱིད། དན་རོག ཐར་ནུ། ཁྲོན་བུ། སྔོན་བུ་རྣམས་ཐུན་ལོག་བཏབ་ནས་རས་ཐུམ་བྱས་ཏེ་བཙོས་པའི་ཁུ་བས་བཤལ་བཏང་ན་ཤ་ནད་དང་ཤ་དུག་གི་རིགས་ཐམས་ཅད་ལ་ཕན་ནོ། །

དཀར་དུག་གི་རིགས་གང་ལའང་དཀར་པོ་དྲུག་སྦྱོར་ཁོ་ནས་ཆོག་ཅིང་། དེ་སྟེང་གོ་ཐལ་བསྡེབས་ནས་ལྕུམ་རྩ་བུངས་བསྐྱེད་བཏང་བ་ཕྱུར་ཁུས་ཕུལ་བ་ཟབ། །

དངུལ་ཆུའི་དུག་ལ། པི་ལིང་། ཕོ་རིས། ཅོང་ཞི། མཚུར་ནག བུལ་ཏོག སྟར་བུ་རྣམས་སྦྱར་བའི་གཉེན་པོ་དྲུག་སྦྱོར་ཟབ། ས་མུ་དྲ་ཕ་ལ་ཁར་བཟུང་བས་དངུལ་དུག་ཐུབ། རྐན་སྐྲངས་ཤིང་ཆད་པ་ལ། ཨ་རུ་ར། སྟོད་ཇ། དུ་བ་རལ་བ་ཅན་གསུམ་གྱི་རིལ་བུ་ཉིན་རེ་གཉིས་རེ་ཁར་བཟུང་ཞིང་མཆིལ་མ་ཕྱིར་ཕོས་པས་ཕན།

བཙན་དུག་ཚབས་ཆུང་བ་ལ་པི་པི་ལིང་གི་ཐང་ཡང་ཡང་བླུད་པ་དང་། ཤོ་མོའི་རྩ་བ་དང་ཡོས་ཚིག་སྦྱར་བའི་ཐང་ངམ། རྟ་སྦང་སྦངསཀྱི་ཁུ་བ་བཙིར་བའི་ནང་དུ་བུལ་ཏོག་མང་ཙམ་བཏབ་པ་དྲོ་འཇམ་བྱས་པ་ཕོར་བ་དོ་གསུམ་བཏང་བས་སྐྱུགས་པ་འོང་ཞིང་དེས་ཀྱང་ཕན། ཚབས་ཆེ་བ་ལ་ལན་ཚྭ་བཟང་པོ་ཁྱོར་གསུམ་བྲག་སྐྱ་ཧ་བོ་ཐུན་ལོག་བཏབ་པའི་ཕྱེ་མ་ཆང་གར་མ་ལ་སྦྱར་ནས་སོ་བར་དུ་བླུགས་ཏེ་ཕྱར་བའི་ནང་དུ་བཞག ཟུར་བཞི་ནས་བཏེགས་ལ་སར་བརྡེག་པ་ཁ་ཤས་མཐར། ཀོ་གྲུ་བར་སྣང་ལ་ཐག་པས་དཔྱངས་པའི་ནང་ན་ནད་པ་བཞག་ནས་བསྒྲིམས་ཏེ་དྲག་ཏུ་བསྐོར་བས་སྐྱུག དབུགས་ལོན་ནས་སྦྱོང་སྨན་བཏང་། བཙན་དུག་ཚབས་ཆེན་ལ་ཐོག་མ་ནས་ཨ་རུ་ར་སོགས་གཉེན་པོ་བཏང་ན་དུག་ཚད་ཕོ་བ་ནས་སྲོག་རྩར་དེད་དེ་བཅོས་སུ་མེད་པས་གོང་སྨོས་ལྟར་བྱ་བ་གལ་ཆེ། ཡང་རྒྱ་ཚ་བཅུ་གཅིག་པའི་ཐང་གིས་མན་ངག་བསིལ་སྦྱོར་ཕུལ་ན་ཟབ། བཙན་དུག་ཚབས་ཆུང་ལ། ཨ་རུ་ར་རྒྱ་གར་གྱི་བོང་ང་དཀར་དམར། གླ་རྩི། ལོ་བརྒྱད་དྲི་ཆུ་རྣམས་རེ་རེས་ཀྱང་ཐུབ་བོ། །

དབྱར་དུས་རྟ་ངང་པའི་སྤུ་ཁོང་དུ་སོང་བའི་སྟེང་ཆང་སྐྱུར་འཐུང་། ལུས་འཁྲུགས་པས་རྟ་སྤུ་འབུར་གྱུར་ནས་གྲ་གྲེབ་ཕོ་བ་སོགས་གང་གནས་ནས་ཟ་ཞིང་སྐྲངས། རྨ་ཡོད་པར་སེམས་ཤིང་ཟུག་ཆེ་བ་ལ་འབྲུ་མར་དང་ཚིལ་དང་ཕག་ཚིལ་གང་རུང་ཟོས་པས་འཇོམས།

ཁྱི་སྨྱོན་གྱིས་ཟིན་འཕྲལ་རྨ་ཁར་རྔབས་རུ་བཙུགས་ནས་ཁྲག་དྲང་། རྨ་ལས་སོར་བཞིའི་གོང་དུ་རས་འཇག་བསྡམ། ཞག་ལོན་ནས་རྨ་ལྕགས་ཏེལ་གྱིས་བསྲེག རྨ་ནང་དུ་རྒྱ་ཚ་སྐྱེར་ཤུན་དུད་རྒན་རྣམས་བཙོད་ཁུས་བྱུག ཡུང་སྐྱེར་བོང་ང་གླ་རྩི་རྣམས་མར་གྱིས་བྱུགས་ཤིང་སྟེང་དུ་རྟ་སྦངས་ཞོ་སྦྱར་རས་ཀྱིས་དཀྲི། ཁྱི་དུག་ལྡང་བ་དང་མི་ལྡང་བ་གཉིས་ཀྱི་སྨན་དཔྱད་གང་འོས་མན་ངག་རྒྱུད་ལྟར་ལ། ཁོང་སྨན་སྤྱིར་ཟུར་ལུགས་གཟིག་ཆེན་སུམ་འགྲོལ་གུ་གུལ་ཐང་གིས་ཕུལ་བ་ཟབ། །

སྦྲུལ་གྱིས་ཟིན་པའི་དུག་ལ་རྨ་ཁར་འཕྲལ་དུ་རྔབས་རྭ་བཙུགས་ནས་ཁྲག་དྲང་། རྨ་ཆས་དང་བྱུག་པ་ཁྱི་སྨྱོན་སྐབས་ལྟར་བྱ། དུག་འདི་ཁྲག་ལ་གནས་པས་གང་དང་ཉེ་བའི་རྩ་ལ་གཏར་ཁ་བྱ། གུ་གུལ། དུད་རྒན། ཨ་ཤྭ་གནྡྷ། རྒྱ་སྣེ་རྣམས་བ་ཆུས་རིལ་བུ་དྲིལ་བ་གུ་གུལ་བཞི་པ་སྟེ་བ་ཆུས་ཕུལ། རྒྱ་སྤོས། སེང་ཕྲོམ། ཤུ་དག ཧོང་ལེན། གོ་ཡུ། སུག་སྨེལ།གུར་གུམ་རྣམས་ཞུན་མར་དང་སྦྱར་བའམ། རྒྱ་སྤོས། ན་ལེ་ཤམ། སུག་སྨེལ། རུ་རྟ། ཤིང་མངར་སྦྱར་བའི་རྒྱ་སྤོས་ལྔ་པ ཞུན་མར་གྱིས་ཕུལ་བ་སྟེ་བཞི་པ་དང་ལྔ་པ་གཉིས་ཀ་ཁྱི་སྦྲུལ་སྲིན་བུའི་དུག་རིགས་འཇོམས་པ་ལ་བསྔགས་སོ། །

རེག་དུག་གི་ནད་ལ། ཐོག་མར་བརྟག་ཐབས་ནི། རྩ་ཕྲ་ཞིང་གཏིང་ན་བྱིང་། དྲག་དལ་ངེས་མེད་དུ་འཕར་ཞིང་སྐབས་སུ་སྡོད། ཆུ་མདོག་ལྗང་ལ་ལྦུ་བ་གཡུང་། མར་ནག་ཐིགས་གཅིག་བླུགས་པས་སེར་པོའམ་ཁྲག་མདོག་ཏུ་འགྱུར། ཡང་ན་ལྦུ་བ་འཐོར་འགྲོ། ནད་ཕོག་མ་ཐག་ནས་ཆམ་པ་འདེབས། ལུས་ལྕི། སྒྱིད་པ་བསྐྱུརསྐྱུར མཁལ་རྐེད་གཟེར་ཞིང་ཆུ་སོ་ཟ་བ། དེ་ལ་བྱང་ལུགས་མིང་ཅན་ནག་པོ་འཁྲུལ་མེད་ཀྱི་ཐང་བཏང་བས་རང་གི་མངོན་ཚུལ་འབྱུང་། ནད་པས་རྒྱུ་རྐྱེན་མ་ཤེས་པའམ་ངོ་ཚས་མི་བཤད། སྨན་པ་ཉམས་མེད་ཀྱིས་ནད་ངོས་མ་ཟིན་པར་སྨན་གང་བྱུང་བཏང་བས་བཅོས་སུ་མེད་པའམ། ཡུན་རིང་མནར་བའི་གཅོང་ནད་ཆེན་པོར་འགྱུར་བས་ཐེ་ཚོམས་ཚོམདོགས་གཞི་ཡོད་རིགས་ལ་རྟོག་དཔྱོད་ཤིན་ཏུ་ཞིབ་མོ་གལ་ཆེ། གསང་རྟགས་མིག་སྔོ་ཞིང་མིག་སྤྲིན་དམར་པོ་འབྱུང་། ཆང་། ལུག་ཤ མངར་རིགས་དང་ཤིང་ཏོག་རིགརིགས ཁྲག་ཚྭ་རྣམས་འཛེམ། སྨན་བཟི་ཡོད་གཏན་ནས་འགྲོ་མི་རུང་། ནད་ཕོག་སྐབས་རི་བོང་ཤ་དང་། ཀུ་ཤུ་རློན་པ་ཁར་སོང་ན་རྗེས་ནས་སྨན་བཅོས་རྡུགས་པས་སྤང་། ཐོག་མར་སྨན་གང་ཡང་ཁར་མ་སོང་སྐབས་ར་ཁྲག་བཅོ་ལྔའམ་ལྔ་པས་ཀྱང་ཐུབ་ཅིང་།གུར་གུམ་བཅུ་གསུམ་པ་ཁ་ཚར་ཅན། བ་རུ་བཞི་སྦྱོར་རྣམས་ཀྱང་འཕྲོད། ཟི་ལིང་ཤིང་ཏོག་ཆི་བ་ཁའམ་དམར་རིལ་དཀར་ཡོལ་སོགས་ཀྱི་འོག་ཏུ་ནུས་བསྲེགས་བྱས་པའི་དུད་པས་ཀྱང་ཐུབ་པའི་གསུང་རྒྱུན་འདུག འོན་ཀྱང་བཅོས་ཚུལ་ཟབ་ཁྱད་ཅན་ལག་བླངས་མ་ནི། ཐོག་མར་ཐང་ཆེན་ཉེར་ལྔའམ། བྱང་ལུགས་མིང་ཅན་ནག་པོའི་གཅིག་ཐང་ལན་ཁ་ཡར་བཏང་རྗེས། རྒྱའི་སྲེག་སྨན་རིལ་བུ་གསུམ་རེ་ཐོ་རངས་སྔ་བར་ཇ་ཐང་གར་སླ་སྙོམ་སྙོམསཔ་བྱ་སྒོང་དོ་ཙམ་ལོང་ལོང་འཁོལ་བ་དེས་ཕུལ། ཡང་ན་ཆུ་བསྐོལ་གྱིས་ཕུལ་ཡང་རུང་། རིལ་བུ་རྣམས་འཇང་གི་སྨན་ཤོག་ལྟ་བུས་དམ་པར་དྲིལ་ནས་ཁ་ལ་མི་རེག་པར་བྱས་ལ་གྱུར་ཁྱུརམིད་དགོས། འཇུ་ཚོད་ལ་སྐྱུགས་གྲབ་གྲབསབྱེད་ན་མགོ་ལ་ཆུ་ལྕག་དང་། རྐེ་ལྟོང་སྐེ་སྟོངརྡོ་འཁྱག་གཏུགས་པ་དང་། སྣ་སྒོར་སྤོས་དྲི་ཞིམ་པོ་མནམ་པ་སོགས་སྐྱུགས་ནོན་གང་དྲག་བྱེད། བཤལ་སོང་ན་ཕན་ཆེ། བཤལ་གྲབ་གྲབསཀྱིས་རྒྱུ་མ་གཟེར་ཆེ་ན་ཆང་ཧུབ་དོ་གསུམ་འཐུང་བས་གཟེར་ཆག་ནས་བཤལ་འོང་། མ་གཟེར་ན་ཆང་མི་གཏོང་། སྨན་གཏང་གཏོངབའི་དགོངས་མོ་ནས་སོ་བར་ཤིང་བུས་བཀར་ནས་གཉིད་ཞབས་མཆིལ་རླངས་རྒྱབ་ཏུ་འགྲོ་བར་བྱེད་པར་གསུངས་ཀྱང་དེང་སང་སྨན་ཞུ་ཚོད་ཙམ་ལ་སོ་ཤིང་བཞག་ནས་ཇ་སྦྱོར་གཉིས་གསུམ་ཙམ་གྱི་མཚམས་ལས་མི་དགོས་པ་བྱེད་འདུག ཞོགས་པ་དང་ཉིན་མོ་སོགས་སུ་ཇ་ཐང་གོ་ཡུ་ཁྱི་ལ་ཝ་རི་བསྐོལ་གྲང་གིས་མཁུར་བཀང་བཅངས་པས་ཁ་ལ་རྨ་མི་འབྱུང་ཞིང་སོ་རྩ་བརྟན། དེ་བྱས་ཀྱང་རྙིལ་སྐྲངས་ཆེ་ན། གསེར་མདོག་ཁྱི་ཝར་སྟར་བུ་རྣམས་ཕོན་ཆེ་བ། བིག་པན་ཨ་རུའི་བཞི་ཆ། གླ་རྩི་དྲི་ཐོན་བཅས་ཀྱིས་རྒྱུན་དུ་མཁུར་བཀང་བྱ། ཁ་ནང་རྨ་བྱུང་ན་བིག་པན་ལ་ལྡོང་རོས་མདོག་འགྱུར་བསྲེས་པ་སྐམ་འདེབས་བྱེད། ན་ཚས་མ་བཏུབ་ན་ཆུ་ལ་སྦྱངས་ནས་མཁུར་བཀང་བྱེད། སྲེག་སྨན་སྙིགས་མའི་སྟེང་ཁྱི་ཝར་གོ་ཡུ་དང་ཤ་རུ་ནུས་བསྲེགས་སོ་སོར་ཆ་གཉིས། བིག་པན་ཆ་གཅིག གླ་རྩི་དྲི་ཐོན་བཅས་རློན་བྱུག་དང་སྐམ་འདེབས་གང་འོས་བྱ། ཉི་མར་ནན་གྱིས་སྐམ་ན་ཕན་ཆེ། ཡང་བྱུག་པ་ལུགས་གཅིག་ལ་སྲེག་སྨན་སྙིགས་མ་དཀར་པོ་གཞིར་བྱ།དེ་སྟེང་གོ་ཡུ། སྙིང་ཞོ་ཤ བ་རུ་ར། ཆི་བ་ཁའམ་དམར་རིལ་རུས་པ། སྟག་ཤ ཡུ་གུ་ཤིང་། སྣ་དུད་ཤིང་། བསམ་གསོམདཀར། ལུག་མུར་རྣམས་ནུས་བསྲེགས། དུང་ཧར་སྲེག ནཱི་ལ་ཐོ་ཋྡྷ། ཡུང་བ། ཆུ་རྩ། ལུག་མུར་རྣམས་མ་བསྲེགས་པ་བཅས་ཞིབ་ཏུ་བཏགས། ཞོ་ལ་བཏབ་ནས་ཟངས་སྣོད་དུ་སྦྱར་ལ་བྱུག མིག་ནད་ལ་སྲེག་སྨན་གྱི་དུད་པ་སེར་པོ་ཆགས་པ་དང་ཁ་ཆེ་གུར་གུམ་སྦྱར་བ་བྱུག གཞན་ཡང་ཁོང་སྨན་ར་ཁྲག་བཅོ་ལྔ་དང་བཅུ་གསུམ་སོགས་སྤེལ་ནའང་ལེགས། རླུང་ཤས་ཆེ་ན་ཨ་གར་བཅོ་ལྔ་དང་སོ་ལྔ། ཆུ་སེར་ཤས་ཆེ་ཞིང་ཟ་འཕྲུག་བྱུང་ན་སྤོས་དཀར་བཅུ་པ་དང་། སེ་འབྲུ་བརྒྱད་པ་སོགས་བཏང་། སྨན་བཏང་བའི་ཞག་བདུན་ཕྱིན་ཆད་ཚྭ་དང་ལུག་ཤ་མ་འདྲེས་པའི་འབྲི་གཡག་གི་ཤ་ཟ་གང་ཐུབ་དང་། ནད་གཞི་ཅན་ལ་མ་མིགནོད་ན་ར་ཤའང་བཏང་བས་ཕན། ཇའང་སྨན་གཏའ་རྟབྱས་སྟབས་འཛེམ་མི་དགོས། སྨན་བཏང་ནས་ཞག་གཉིས་གསུམ་སོང་སྐབས། ཟུངས་ངན་ཞག་གཅིག་གཉིས་སྨན་མི་བཏང་བར་ངལ་གསོ། དེ་ནས་ཟུངས་བསྟུན་བཏང་། ནད་གསར་པའི་སྐབས་སྨན་དངོས་ཐུན་ལྔའམ་གསུམ། ཕལ་ཆེར་བདུན་ལས་བཏང་མི་དགོས་པ་མྱོང་གྲུབ་ཡིན། ཞག་བཅུ་གཉིས་ནས་ཚྭ་ཕྱེད་ཚྭ། ཞག་ཉེར་གཅིག་ནས་ལུག་ཤ་མ་གཏོགས་པ་འཛེམ་མི་དགོས། ཟུངས་ངན་དང་ག་མི་བདེ་བའི་རིགས་ལ་ཆང་ཅུང་ཟད་བཏང་ཆོག རྗེས་སུ་ལོང་རྩ་དང་རུ་ཐུང་གང་འོས་ལན་གཉིས་ཙམ་གཏར། རྐེད་པ་དང་རྐང་པ་ན་བ་ལ་བྱིན་གཞུག་དང་གདོང་རྩ་གང་འོས་གཏར་ནས་ཆུ་ཚན་བསྟེན་པས་ཕྱིས་མི་འཕར་བའི་གནད་ཟབ། གཏར་ག་མ་བྱས་པར་ཆུ་ཚན་རྐྱང་པས་རྗེས་མི་ཆོད། ལུས་ཟུངས་གསོ་བའི་སྨན་མར་སོགས་ཀྱང་བྱ། དྲག་ཤུལ་གྱི་ལས། རྟ་སོགས་ཞོན་པ། ཉིན་གཉིད། ཉལ་པོ་སོགས་སློང་རྐྱེན་རྣམས་ལོ་དུས་སམ་ཟླ་བ་དྲུག་གི་བར་དུ་སྤང་། ཟས་ཁ་ཚ་རུལ་སྐྱུར་སྔོ་ངད་ལ་ཕུག་སོགས་དང་། ཤིང་ཏོག མངར་རིགས་རྣམས་ཀྱིས་གནོད་པས་འཛེམ། སྤྱིར་ནད་འདི་དཔྱིད་ཁམ་བུའི་མེ་ཏོག་རྒྱས་པ་དང་། སྟོན་དུས་བཅས་ལྡང་བའི་དུས་ཡིན་པས་ནད་གཞི་ཡོད་ན་དེར་ལྷག་པར་གཟབ། ཡང་འདིའི་ནད་རོ་ལུས་པས་མཐིལ་བཞིར་ཟ་འཕྲུག་གླང་གཉའ་ལྟ་བུར་གྱུར་པ་ལ་གང་ཉེ་གང་རྒྱས་ཀྱི་རྩ་ལ་ཡང་ཡང་གཏར། རྨ་རོ་གྲི་རྣོན་པོས་བཞར་ནས་ཁྲག་འབྱུང་བ་བྱས་ལ། ཨ་རུ་རྡོག་གཉིས། གོ་ཡུ་གཉིས་ནུས་བསྲེགས་ཐལ་བ།སྟར་ཁཌྷྜྷཱ་སྟར་ག་ཙམ། མ་ནུ་ཁྲག་ཅན་གཅིག་མེ་མུར་དུ་ཚོས་ཙམ་བསྲེགས་པ། སྤོས་དཀར། གླ་རྩི་ཐུན་གཅིག སྟོད་ཇ་དང་ནཱི་ལ་ཐོ་ཋྡྷ་གཉིས་སྟར་ག་ཙམ་རེ། ཕོ་རིལ་བཅུ་གཅིག་རྣམས་ཕྱེ་མར་འཐག་པ་ལྕགས་སྣོད་དུ་འདམ་འཐགས་བྱས་པས་སྔོ་ནག་ཏུ་སོང་བའི་ཕྱེ་མ་དེ་ལན་ཁ་ཤས་སྐམ་འདེབས་བྱས་ན་སྔ་མའི་ཤ་རོ་ཆོད་ནས་ཤའུ་གསར་པ་འབྱུང་བས་ཟབ། ཡང་ལུགས་གཅིག་ལ། གོ་ཡུ་དང་། མ་ནུ་ཁྲག་ཅན་མེར་བསྲེགས་ཐལ། ལ་ལ་ཕུད། སེང་ལྡེང་ཁཎྡྲི། ནཱི་ལ་ཐོ་ཋྡྷ་རྣམས་སྦྱར་བའི་བྱུག་པས་ཀྱང་ཕན་པར་བཤད། རེག་དུག་ལ་སྨན་མ་བཏང་བའི་སྐབས་འགོས་རྒྱུ་མེད། སྨན་བཏང་ཟིན་ནས་ཁ་རླངས་གོས་སྟན་གྱི་དྲི་དང་དྲོད་སོགས་ཞག་གསུམ་མམ་བདུན་བར་ཤིན་ཏུ་འཛེམ་པ་གལ་ཆེ། སྨན་བཏང་ཚར་ནས་ནད་འགོ་སླ་བ་ཡིན་ནོ། །

X