//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ལས་ཁུངས། > ནད་ཐོག་ལས་རིགས། > མཚོ་སྔོན། > ནང་དོན།

མགོ་ལོག་ཁུལ་བོད་ལུགས་སྨན་རྩིས་ཁང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བཀྲ་བྷ། དུས་ཚོད། 2015-08-14 18:12:24 ཀློག་གྲངས། 22 

   མགོ་ལོག་ཁུལ་བོད་ལུགས་སྨན་རྩིས་ཁང་ནི་སྤྱི་ལོ་༡༩༨༠ལོར་གསར་དུ་བཙུགས་པ་ཞིག་ཡིན་ལ། ད་བར་དུ་ལོ་ངོ་སུམ་ཅུའི་ལོ་རྒྱུས་ལྡན་ཞིང་། ད་ལྟ་མགོ་ལོག་ས་ཁུལ་དུ་བོད་སྨན་ནད་ཐོག་ལག་ལེན་དང་སློབ་གསོ། བོད་སྨན་གཞུང་ལུགས་ཞིབ་འཇུག་བཅས་གཞི་གཅིག་ཏུ་འདུས་པའི་སྨན་ཁང་གཙོ་བོར་གྱུར་ཡོད།

   མགོ་ལོག་ཁུལ་བོད་ལུགས་སྨན་རྩིས་ཁང་འདི་ཉིད་ཐོག་མར་ཚུགས་དུས་སྨན་ཁང་གི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་༦༠༠ལས་མེད་པ་དང་། ཞག་སྡོད་ནད་པར་མལ་ཁྲི་མེད་ཅིང་ལས་བཟོ་བ་མི་བཅུ་གྲངས་ཙམ་དང་། གསོ་བཅོས་ཐབས་ལམ་སོགས་འཐུས་ཚང་མིན་པ། ལོ་རེའི་སྒོ་བསྟེན་ནད་པའི་གྲངས་ཀ་ནི་༤༠༠༠ཙམ་ལས་བརྒལ་ཐུབ་མེད། ད་ལྟ་སྨན་ཁང་གི་ས་ཁྱོན་ལ་རྨིད་གྲུ་བཞི་མ་༤༧༨༡༡.༥ཡོད་པ་དང་ཁང་སའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ༣༢༤༣ཡོད་ལ། སྨན་ཁང་དུ་གཏན་སྡོད་ལས་བྱེད་པ་༢༥ཡོད་པ་དང་དེའི་ནང་འབུམ་རམས་པ་གཞོན་པ་བཞི་དང་རབ་འབྱམས་པ་དྲུག དཀའ་བཅུ་བ་བརྒྱད་བཅས་དང་། གཞན་གདན་ཞུའི་སྨན་པ་དང་ལས་བཟོ་བ་༣༧ཡོད། སྤྱི་ལོ་༡༩༩༢ལོར་གཏན་འཇགས་མ་རྩ་འབུམ་བརྒྱད་ལྷག་ཡོད་པ་དེ་ད་ལྟ་ས་ཡ་དྲུག་ལྷག་ཏུ་འཕར་སྣོན་བྱུང་།

   སྨན་ཁང་དུ་བོད་ལུགས་གསོ་རིག་ཁྱད་ཆོས་མོད་པའི་མཐོ་སྒང་རང་བཞིན་ཅན་གྱི་སྙིང་ནད་ཚན་ཁག་དང་ཁོང་ནད་ཚན་ཁག  ཕྱི་བཅོས་ཚན་ཁག  བོད་ལུགས་ནད་སྐྱོང་ཚན་ཁག་བཅས་བཙུགས་ཡོད་ལ། བོད་ལུགས་སྨན་བཅོས་ཚན་ཞིབ་དང་། བོད་སྨན་སྡེབ་སྦྱོར་ལག་རྩལ་སོགས་ཕྱོགས་ཡོངས་ནས་རྒྱལ་ཡོངས་སུ་སྔོན་ཐོན་གྱི་གྲས་སུ་ཚུད་ཡོད་པས་རྒྱལ་ཁབ་ཀྱིས་ཀྱང་ཨང་རིམ་གཉིས་པའི་བོད་ལུགས་སྨན་ཁང་ཀ་པར་བདམས་ཐོན་བྱུང་ཡོད། བོད་སྨན་ཁང་གིས་སྨན་བཅོས་ཞབས་ཞུ་དང་བོད་སྨན་ཞིབ་འཇུག་གི་ལས་ཀ་སྒྲུབ་ཞོར་དུ་ཁུལ་མི་དམངས་སྨན་ཁང་དང་སི་ཁྲོན་སེར་ཤུལ་དགོན་པ་གཉིས་ལ་མཉམ་འབྲེལ་སྒོས་མགོ་ལོག་ཁུལ་གྱི་ཆེས་ཐོག་མའི་བོད་སྨན་བཟོ་གྲྭ་སྟེ་མཚོ་སྔོན་ཞིང་ཆེན་གེ་སར་བོད་སྨན་བཟོ་གྲྭ་གསར་དུ་བཙུགས་ཤིང་། སྤྱི་ལོ་༢༠༠༤ལོའི་ལོ་མགོར་རྒྱལ་ཁབ་ཟས་རིགས་སྨན་རིགས་ལྟ་སྐུལ་དོ་དམ་ཅུའུ་ཡིས་CMPབོད་སྨན་བཟོ་གྲྭ་ཚད་ལྡན་གྱི་སྒོ་བྱང་ཡང་བཀལ། ད་དུང་ང་ཚོ་བོད་སྨན་ཁང་གིས་དཔེ་རྙིང་འཚོལ་སྡུད་དང་དག་སྒྲིག་ཀྱང་གང་མང་བྱས་ཡོད་དེ། མགོ་ལོག་སྨན་རྩིས་རིག་པའི་ལོ་རྒྱུས་དང་སྟག་ལྷ་ནོར་བུའི་གསུང་འབུམ་གསོ་དཔྱད་མན་ངག་གཅེས་བསྒྲིགས་གཞན་ཕན་ཟླ་ཤེལ་ནོར་བུའི་སྒྲོན་མེ། ཁམས་གཙང་འབྲུག་རྒྱལ་གྱི་གསུང་འབུམ་གསོ་རིག་ཕན་བདེའི་སྙེ་མ་དང་། གཞན་སྨན་པ་དུང་གཅེས་ལགས་ཀྱིས་མཛད་པའི་རྩ་མདོའི་འགྲེལ་བ་བདུད་རྩིའི་ཟེགས་མ་སོགས་དཔེ་དེབ༢༥ལྷག་བསྡུ་སྒྲིག་བྱས། རང་སྨན་ཁང་སྡེབ་སྦྱོར་ཚན་ཁག་གིས་སྡེབ་སྦྱོར་བྱས་པའི་སྨན་སྣ༢༦༧ཡོད་པ་དང་། དེའི་ནང་མཚོ་སྔོན་ཞིང་ཆེན་གྱི་ཟས་རིགས་སྨན་རིགས་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཆོག་མཆན་ཐོབ་པའི་སྨན་སྣ༡༠༨ཡོད། གསར་དུ་སྡེབ་སྦྱོར་བྱས་པའི་བདེ་བྱེད་བརྒྱད་པ་དང་གྲིབ་སྨན་རིན་ཆེན་ནོར་བུ། གློ་སྨན་བདུད་རྩི་རྙོགས་མ་དྲུངས་འབྱིན་དང་བདུད་རྩི་ཏིག་ཏའི་སྦྱོར་བ་བཅས་ལའང་རྒྱལ་ཁབ་ཟས་རིགས་སྨན་རིགས་ལྟ་སྐུལ་དོ་དམ་ཅུའུ་ཡི་ཐོན་སྐྱེད་ཆོག་མཆན་ཐོབ།

  ང་ཚོ་མགོ་ལོག་ཁུལ་བོད་ལུགས་སྨན་རྩིས་ཁང་གི་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་དམིགས་ཡུལ་ཉག་གཅིག་ནི་མི་དམངས་ཀྱི་ཁེ་ཕན་གཙོ་རུ་བྱས་ཐོག འགྲོ་བ་ནད་པ་ཡོངས་ལ་ནད་གསོ་སྨན་བཅོས་དང་ནད་མེད་བདེ་ཐང་གི་དཔལ་ཡོན་སྐྲུན་རྒྱུ་ཁོ་ན་སྟེ། སྤྱི་ལོ་༡༩༩༩ལོ་ནས་བཟུང་། རང་ཁུལ་གྱི་རྨ་སྟོད་རྫོང་དང་པདྨ་རྫོང་། སྒ་བདེ་རྫོང་སོགས་ཀྱི་གྲོང་གསེབ་ཏུ་སོང་ནས་ནད་བརྟག་སྨན་བཅོས་ཀྱི་བྱ་འགུལ་སྤེལ་བ་མ་ཟད། ཁྱད་པར་དུ་རོང་འབྲོག་མང་ཚོགས་ནང་སྨན་ཡོན་སྤྲོད་པའི་ནུས་པ་མེད་པ་དག་ལ་སྨན་སྦྱིན་རབ་དང་རིམ་པ་བཏང་བས་ས་གནས་དེ་གའི་མི་དམངས་ཀུན་གྱི་སྐོམ་པའི་ཆུ་དང་ལྟོགས་པའི་ཟས་སུ་གྱུར་ཡོད།

   དེ་བཞིན་དུ་ཁུལ་ཨུ་དང་སྲིད་གཞུང་། འཕྲོད་བསྟེན་ཅུའུ་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་རྒྱབ་སྐྱོར་འོག་རང་སྨན་ཁང་གིས་ཉམ་ཐག་ནད་པ་རྣམས་ཀྱི་འདོད་བློ་སྐོང་ཅི་ཐུབ་དང་སྟབས་བདེ་ཡོང་གང་ཐུབ་བྱས་ནས་ཚབས་ཆུང་བཅོས་ཆུང་དང་ཚབས་ཆེན་བཅོས་ཡོད་ཀྱི་སྨན་བཅོས་རྩ་དོན་གཞིར་བཟུང་ཐོག སྒྲིག་འཛུགས་ཡོད་པའི་སྒོ་ནས་བོད་ཀྱི་གསོ་བ་རིག་པའི་ཐུན་མོང་མ་ཡིན་པའི་གསོ་བཅོས་ཀྱི་ཐབས་ལམ་བེད་སྤྱད་དེ། མི་འདོད་ནད་ཀྱིས་གཟིར་བའི་ནད་པ་རྣམས་ལ་ཞབས་འདེགས་ལེགས་པོར་ཞུས་པས། མགོ་ལོག་ཁུལ་ཞིང་འབྲོག་མང་ཚོགས་ཀྱིས་ཡིད་རྟོན་དང་དགའ་བསུ་ཆེན་པོ་ཐོབ་པ་དང་། དེ་དང་མཉམ་དུ་བོད་ཀྱི་གསོ་བ་རིག་པ་རྒྱུད་འཛིན་དང་དར་སྤེལ་གཏོང་བར་རྨང་གཞི་བརྟན་པོ་བཏིངས་ཡོད་ལ། མ་འོངས་པར་བོད་ཀྱི་གསོ་བ་རིག་པས་འགྲོ་བ་མིའི་རིགས་ཀྱི་བདེ་ཐང་དང་དཔལ་འབྱོར་འཕེལ་རྒྱས་ཐད་ལ་ནུས་པ་བླ་ལྷག་ཐོན་པར་ང་ཚོས་ཡིད་ཆེས་བརྟན་པོར་བཅངས་ཏེ་མདུན་ནས་མདུན་དུ་སྐྱོད་བཞིན་ཡོད།

X